R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༦བ
[A:༥༦བ]པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ་ཞེས་གསལ་བར་གསུངས་པ་ལས་ཤེས་སོ། །ཡང་འདིར་དག་པའི་གདུལ་བྱ་ཕལ་པོ་ཆེའི་སྣང་ངོར་སྐུའི་སྐྱེ་བ་འདི་དང་། རིག་པ་འཛིན་པ་མཁའ་ལ་གནས་པ་དང་། རྒྱལ་པོ་ཉི་མའི་སྟོབས་འཕེལ་གྱི་སྲས་སུ་འཁྲུངས་པ་སྟེ། སྐྱེ་བ་གསུམ་གྱི་ཐོགས་པའི་འཕགས་པར་བཤད་ལ། དོན་གྱི་གནས་ཚུལ་ལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འཇམ་པའི་དབྱངས་ཉིད་ཡིན་པས། མཁྱེན་པ་དང་རྟོགས་པའི་ཡོན་ཏན་དུ་སྣང་བ་འདི་རྣམས་ཀྱང་རྣམ་པར་འཕྲུལ་པ་ཉིད་དུ་གོ་བར་བྱའོ། །གསུམ་པ་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་ལ་གཉིས་ཏེ། མཁས་པའི་བྱ་བ་གསུམ་གྱིས་བསྟན་པ་རྒྱས་པར་མཛད་པའི་ཚུལ་དང་། རྒྱལ་བས་ལུང་བསྟན་པའི་སའི་ཆ་བྱང་ཕྱོགས་ཧོར་གྱི་ཡུལ་དུ་བསྟན་པ་རྒྱས་པར་མཛད་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཁས་པའི་བྱ་བ་གསུམ་གྱིས་བསྟན་པ་རྒྱས་པར་མཛད་པའི་ཚུལ་དང་། ཕྲིན་ལས་སྣ་ཚོགས་པས་གཞན་གྱི་དོན་མཛད་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། འཆད་པ་ཉི་མའི་འོད་ཟེར་གྱིས་ཕན་བདེའི་པད་ཚལ་རྒྱས་པར་མཛད་པའི་ཚུལ་ནི། བདག་ཉིད་ཆེན་པོ་འདིས་སྔར་བཤད་པའི་ཚུལ་ལྟར་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ལེགས་པར་མཁྱེན་པས། སྐུ་ཚེ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྐྱེ་དགུ་མ་རིག་པའི་ལིང་ཐོག་གིས་བློ་གྲོས་ཀྱི་མིག་ཉམས་ནས། བླང་དོར་འཆོལ་པའི་གོམ་སྟབས་འཆོར་བས་སྲིད་པའི་གཅོང་རོང་ཉམ་ང་བར་ལྷུང་སྟེ། མི་བཟད་པའི་སྡུག་བསྔལ་གྱིས་གདུངས་པ་རྣམས་ལ་བུ་གཅིག་པ་ཆུ་ཀླུང་གིས་ཁྱེར་