R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༥ན
[A:༥༥ན]ཆོས་གསུངས་པའི་ཚེ། དེ་ནི་ཁྱོད་ཀྱི་སྐྱེ་བ་དཔག་ཏུ་མེད་པའི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་པའི་སྒྲ་དེ་ནམ་མཁའ་ལས་བྱུང་བས་སྔར་གྱི་སྒྲ་དེ་དྲན་ནོ་གསུངས་སོ་ཞེས་པའི་ཡི་གེ་མཐོང་ངོ་། །ཉིད་ཀྱིས་ཀྱང་། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དགེ་བསྙེན་མཆོག་གི་སྐུར་བསྟན་ནས། །བདག་གི་འཁྲུལ་པའི་དྲ་བ་བཅད། །ཡུན་རིང་དུས་ནས་འདི་ཉིད་ནི། །ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཞེས། །མཁའ་ལ་དེ་ལྟའི་གསུང་བསྒྲགས་པས། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །བཀའ་གདམས་པ་ནམ་མཁའ་འབུམ་གྱིས་ཁྱོད་ལ་མངོན་པར་རྟོགས་པའི་ཡོན་ཏན་ཅི་མངའ་བ་ཅིག་མི་འཆབ་པར་སྙིང་གཏམ་གྱི་ཚུལ་དུ་གསུང་བ་ཞུ། གཞན་ཡང་ཧོར་འདི་ལ་ཁྱེད་ཀྱིས་བྱོན་པས་ཕན་པའི་རྒྱུ་མཚན་ཨེ་བདོག་ཅེས་ཞུས་པའི་ལན་དུ། བདག་སངས་རྒྱས་ཀྱི་བསྟན་པ་ལ་མོས་གུས་ཕྱིན་ཅི་མ་ལོག་པར་ཡོད། གསུང་རབ་ཀྱི་དོན་ལ་གོ་བ་ཅུང་ཟད་ཙམ་མཆིས། མངོན་པར་རྟོགས་པ་རྒྱུད་ལ་སྐྱེས་པ་ཙམ་ནི་ཆེན་པོ་མི་བདོག ཧོར་འདི་ངེད་ལ་ཅི་ནས་ཀྱང་མཆོད་གནས་ལ་ཤོག མི་འོང་ན་དམག་འོང་ཟེར་ནས་དམག་བྱུང་ན་བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་ལགས། སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་མི་ཕོད་རྒྱུ་མི་བདོག་ཙམ་ཤེས་པ་གདའ་ཞེས་གསུངས་ལ། གོང་དུ། ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་པའི་སྐབས་སུ་ཤེས་བྱའི་སྒྲིབ་པ་ལ་ཐུགས་གྲོལ་ཞེས་བསྟོད་པ་བྱེད་པ་རང་ཉིད་ཀྱིས་གསུངས་ཤིང་། ཆོས་