R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༤ན
[A:༥༤ན]གང་ཡིན་པ། །དེ་ནི་དཔལ་སྟུག་དཔལ་ཡིན་འཇིགས་མེད་སེང་གེའི་སྒྲ་ཆེན་ཀུན་ཏུ་སྒྲོགས། །ཞེས་སྙུག་རིང་ལ་བཏགས་ནས་ཀ་ལིཾ་ཀའི་རྒྱལ་པོའི་སྒོར་བཏགས་སོ་ཞེས་གྲག་གོ །འདི་ལྟ་བུའི་རང་གི་ཡོན་ཏན་བསྔགས་པའི་ཚིགས་སུ་བཅད་པ་བརྗོད་པ་ནི་མཁས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པ་ཡིན་པས་མཛེས་ཀྱི་གཞན་དུ་ནི་རང་གི་རིགས་དང་། ལོངས་སྤྱོད་དང་། འཁོར་དང་། དམག་དཔུང་དང་། དབང་ཕྱུག་ལ་སོགས་པ་འཇིག་རྟེན་པའི་ཕུན་ཚོགས་རྣམས་ཀྱི་སྒོ་ནས་ང་རྒྱལ་སྨྲ་བ་ནི་མཁས་པ་རྣམས་ཀྱིས་ཁྲེལ་ཞིང་རང་ངོ་ཚ་བའི་གནས་ཡིན་པས། སྔོན་བྱུང་བའི་དམ་པ་དེ་དག་གིས་བསྒྲགས་པའང་མེད་པས་དེ་བཞིན་ཤེས་པར་བྱོས་ཤིག ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཕྱིས་ནས་འདྲིས་པའི་དོན་ལ་བརྩོན་པར་བསྒོམ། །དུས་གསུམ་རྒྱལ་བ་རྣམས་ཀྱི་བཞེད་གཞུང་ཡིན། །ཞེས་ལེགས་པར་གསུངས་སོ། །གཉིས་པ་ཤེས་བྱ་ཇི་ལྟ་བའི་དོན་མཁྱེན་པའི་ཚུལ་ནི། ཆོས་རྗེ་ཉིད་ཀྱི་ཞལ་ནས་ཁོ་བོ་ཡང་གཞོན་པའི་དུས་སུ་རྗེ་བཙུན་ཆེན་པོ་ལ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཞུས་པས། ཁྱོད་ཀྱིས་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེ་ཁུ་བོའི་འདུ་ཤེས་སྐྱེ། ལུས་ལོངས་སྤྱོད་ཀྱིས་བླ་མའི་ཕྱོགས་སུ་དཀའ་ཐུབ་མི་ནུས་གསུངས་ནས་མ་གནང་། ཕྱིས་འཆི་ལྟས་འཇིགས་པ་ཅིག་བྱུང་། ཁམས་ཀྱང་མ་བདེ། དེའི་དུས་སུ་རྗེ་བཙུན་རིན་པོ་ཆེ་ལ་སྐུ་ཁམས་མ་བདེ་བ་ཞག་འགའ་བྱུང་། དེར་ཉིན་མཚན་རྒྱུན་མ་ཆད་པར་གཉིད་དང་ཁ་ཟས་ཀྱི་འདུ་ཤེས་ཀྱང་མ་བྱས་པར་ཞབས་ཏོག་བྱས། དེས་སྡིག་པ་ཅུང་ཟད་དག་པ་