R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 27
[A:27]འཛེར་བག་ཤིན་ཏུ་ཆེ་བ་བྱུང་བའི་གནང་བཀག་ལ་བརྟེན་ནས། སེ་ར་ཚོར་གུང་རུ་བ་རྒྱལ་མཚན་བཟང་པོ་ལས་དཔྱིད་ཆོས་ཤིག་ལ། དབུ་མ་ཚིག་གསལ་གྱི་གཞུང་ཆོས་རྒྱས་པ་གསན་ཞིང། ཁོང་གི་གསུང་ལས་དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པའི་ཆར་གཏོགས་ཡོངས་ཀྱིས་སྒྲོག་པར་སྣང། རྗེ་རིན་པོ་ཆེ་དང། བླ་མ་རྗེ་བཙུན་རེད་མདའ་པ་གཉིས་དགག་བྱའི་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་ལ་འཇོག་ཚུལ་འདྲ། ལར་རང་མདོ་སྡུད་པར། རྩ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག༎ ཅེས་ཤིང་དགྲ་མེ། མེ་དགྲ་ཤིང་ཡིན་ཞིང། ཤིང་སྲེག་པ་ལ་མེ་དགོས། མེ་སྦོར་བ་ལ་ཤིང་དགོས། ཤིང་ཟད་མཐར་མེ་འཆི། ཕན་ཚུན་མེ་ན་མི་འབྱུང་གིས། བལྟོས་ཆོས་རྟེན་འབྲེལ་ཡིན་དངོས་སུ་གསུང་ལས་ཐོས་གསུང། ཕྱིས་གུང་རུ་བས་མཛད་པའི་དབུ་མའི་དཔེ་ཞིག་སྤྱན་ལམ་འབྱོར་བ་ལ་ཡང་དེ་ཉིད་ཁོ་ན་བྲིས་གནང་ངོ༎ ཞེས་པཎ་ཆེན་དངོས་ཀྱིས་སྣར་ཐང་ཀ་བཞི་བགྲགས་པ་ཤེས་རབ་ཚུལ་ཁྲིམས་ཕྱིས་མགའ་རིས་ཀྱི་པུ་རངས་རྒྱལ་བྱེད་ཚལ་གྱི་ཆོས་དཔོན་གནང་བ་དེ་ལ་གསུངས་པའི་ངག་རྒྱུན་དྲུང་བཙུན་བཟང་པོ་བརྟན་བ་ལས་སོ༎ ཡང་ལོ་དེའི་དབྱར་ཆོས་སྟེངས་སུ། ཚལ་ཆོས་འཁོར་གླིང་དུ་ཡང་སྣེ་པའི་ཐུགས་འཛིན་ཁྲིད་ཕྱོགས་ཁོ་ནའི་དབང་གིས། གསང་མདའ་ཆོས་རྒྱལ་བར་གྲགས་པ་ཆེན་པོ་ཆོས་རྗེ་རྣམ་རྒྱལ་བའི་དྲུང་དུ། རྗེ་རིན་པོ་ཆེསཆས་མཛད་པའི་རྩ་འཇུག་གི་ཊཱི་ཀ་སོ་སོའི་གཞུང་ཆོས་སྨིན་པར་གསན་པས། སྔོན་ཆོས་ཀྱི་གྲགས་པས་ཞང་པོ་གཞོན་ནུ་མང་ལེན་ལས་ཕྱོགས་གླང་གི་ངེས་ཚིག་དང། གཞན་སྡེའི་གསང་ཚིག་ལོངས་པ་ཇི་ལྟ་བར་ཕྱིས་བྱུང། དེ་ཉིད་ལ་སྦྱངས་པར་རློམས་པ་དག་གི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་གསལ་བའི་ངག་རྒྱུན་མ་ལུས་ཉེ་བར་ཐུགས་སུ་ཆུད་ནས། གཞན་