R67: དཔལ་ལྡན་བླ་མ་དམ་པ་ཀུ་མ་ར་མ་ཏིའི་རྣམ་པར་ཐར་པ་ངོ་མཚར་བཀོད་པའི་སྤྲིན་གྱི་རྔ་སྒྲ།

  • Pagination (Witness A): 391
[A:391]ལ་ཅི་དགར་གཟིགས་པའི་སྒོ་ཕྱེ་སྟེ། དེ་ནས་དེ་ཉིད་ཀྱི་དྲུང་དུ། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བསྐུར་བ་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱས་པར་གསན་ཡིག་ལས་ཤེས་སོ༎ དེ་ནས་མཁན་ཆེན་རྒྱལ་བཟང་པའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཡོངས་སུ་རྫོགས་པར་མནོས་ཤིང༎ དབང་ཕྲན་དང། བྱིན་རླབས་དང། རྗེས་གནང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གསན་ནོ༎ དེ་ནས་ཐང་པོ་ཆེར། གངས་ཅན་མཁས་པའི་དབང་པོ་དཔག་ཏུ་མེད་པས་ཞབས་ཀྱི་པད་མོ་ལ་གཏུགས་པ། ཐང་པོ་ཆེ་བ་བླ་མ་ཉི་མ་པའི་དྲུང་དུ། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་ཞིང། གཞན་ཡང་དབང་དང་བྱིན་བརླབས་ལ་སོགས་པ་མང་དུ་གསན་ནོ༎ ཁྱད་པར་འཁོར་ལོ་སྡོམ་པའི་རྒྱུད་ཆེ་ཆུང་ལ་ལེགས་པར་སྦྱངས་སོ༎
2.2.1.2.2
གཉིས་པ་ནི། ཆོས་ཀྱི་རྒྱལ་པོའི་དྲུང་དུ། རྩ་བའི་རྒྱུད་བརྟག་པ་གཉིས་པ་ཉིད་ཀྱི་ཊི་ཀའི་སྟེང་ནས་གསན་ཅིང། བཀའ་བཞི་པ་མཛོ་དཔོན་པའི་དྲུང་དུ། ཕྱིས་མཐའ་ཆོད་པར་གསན་པ་ཡིན་ནོ༎ མཁན་ཆེན་རྒྱལ་བཟངས་པའི་དྲུང་དུ་དུས་ཀྱི་འཁོར་ལོའི་རྒྱུད། འགྲེལ་ཆེན་དྲི་མེད་འོད་དང་བཅས་པ་མཐའ་ཆོད་པར་གསན་ཅིང། ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ༎ དེར་མ་ཟད་མདོར་བསྡུས་དང་པོའི་བཤད་པ། ཀྱཻའི་རྡོ་རྗེའི་དཀའ་གནས་ཀྱི་བཤད་པ་སོགས་མང་དུ་གསན་ནོ༎ བླ་མ་ཉི་མའི་དྲུང་དུ། གསང་བ་འདུས་པའི་རྒྱུད་སྒྲོན་གསལ་དང་བཅས་པ་ཆག་ལོའི་ཊཱི་ཀའི་སྟེངས་ནས་མཐའ་ཆོད་པར་གསན་ཅིང། རྒྱུད་ཕྱི་མ། རྡོ་རྗེ་ཕྲེང་བ། དགོངས་པ་ལུང་སྟོན་པ། ལྷ་མོ་བཞིས་ཞུས། དེ་ཉིད་བསྡུས་པའི་རྒྱུད། སྒྲུབ་ཐབས་མདོར་བྱས་མདོ་བསྲེས། རྣམ་གཞག་རིམ་པ། དཀྱིལ་ཆོག་ཉི་ཤུ་པ་རྣམས་གསན་ཅིང། ངན་སོང་སྦྱོང་རྒྱུད། སམ་པུ་ཊ་རྣམས་ཀྱང་གསན་ནོ༎ སློབ་དཔོན་ས་སྐྱ་