R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠
[A:༡༠]མཛད་པ། ཌོཾ་བྷི་ཧེ་རུ་ཀའི་ལམ་ལྷན་ཅིག་སྐྱེས་གྲུབ་ཀྱི་བརྒྱུད་པ་ནི། བཛྲ་དྷ་ར་སྱ། ཌཱ་ཀི་ཎི། ཌོཾ་བྷི་བ། ཨ་ལ་ལ་བཛྲ། བ་ན་སི་པ། གརྦྷ་རི་པ། ཤྲཱི་པེནྡྷ་པ། སུརྻ་ཙཎྜ། བི་ར་བཛྲ། རྗེ་འབྲོག རྗེ་སེ། རྗེ་ཞང༌། རྗེ་ས་སྐྱ་པ་མན་ཆད་ལམ་འབྲས་དང་འདྲ་བ་ནི་ལྷན་ཅིག་སྐྱེས་གྲུབ་ཀྱི་རྒྱུད་པའོ། །ཡང༌། དེ་ལྟར་རྣལ་འབྱོར་དབང་ཕྱུག་གིས་ཀྱཻ་རྡོར་རྒྱུད་གསུམ། གདན་བཞི། མཱ་ཡཱ་སོགས་ལ་རྟེན་ནས། རྡོ་རྗེ་བདག་མེད་མའི་གསུང་བཞིན་ལམ་འབྲས་བུ་དང་བཅས་པའི་གདམས་ངག་མཛད་པ། བླ་ཆེན་གྱིས་ཤར་ཕྱོགས་ནགས་སུ་དགེ་སློང་དཔའ་བོ་རྡོ་རྗེ་དང༌། བོད་དུ་གཱ་ཡ་དྷ་ར་ལས་པདྨ་བའི་ལམ། མཆོད་རྟེན་དྲུང་ཐོབ། གཏུམ་མོ་ལམ་རྫོགས། ཡོན་པོ་སྲང་བ། བསམ་མི་ཁྱབ་དང་བཅས་པ་གསན། ཡི་གེ་མེད་པའི་གདམས་ངག་ཨ་མོ་གྷ་བཛྲ་ལ་བོད་དུ་དང༌། ཨིནྟྲ་བྷཱུ་ཏིའི་ལམ་དང༌། ལྷན་ཅིག་སྐྱེས་གྲུབ་གཉིས། པཎྜི་ཏ་དང་ཤེས་རབ་གསང་བ་ལས་བོད་དུ་གསན་ནས་མཛད་པ་པོ་བརྒྱད་ཀྱིས་མཛད་པའི་ཆོས་ཚན་དགུ་ལ་ལམ་བསྐོར་དགུར་གྲགས་པ་རྣམས་ཐོབ་བོ།
།ཡང༌། སྙིགས་དུས་ཀྱི་འགྲོ་བ་མཐའ་དག་གི་འདྲེན་མཆོག རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལྔའི་གསུང་འབུམ་ཡོངས་སུ་རྫོགས་པའི་ལུང་རྣམས་མ་ཚང་བ་མེད་པར་ཞུས་པ་ནི། ཡབ་སྲས་ལྔ་པོ་ལས། ཆོས་རྗེ་འཕགས་པས་རིན་ཆེན་སྒང་བླ་བྲང་དུ་གསུངས་པའི་ཚེ། ཡབ་སྲས་གོང་མ་བཞི་དང༌། ཁོང་རང་གི་བཀའ་འབུམ་ཕྱེད་ཡན་རྫོགས་པ་ལ་དུས་འཁྲུགས་ཀྱི་ལྷག་མ་རྣམས་ཆུ་མིག་དུ་གསུངས་པས་དེ་དུས་ཐོབ་པ་ལ་ཚང་མར་ཡོད་ཅིང༌། དེ་དུས་དཀོན་གཉེར་དཔོན་ལ་དགའ་ལྡན་པ་ཀུན་བསོད་དང༌། གཞན་གཉན་ཕུ་བ་ཀུན་རྡོར། ས་སྐྱ་ནས་འཇམ་སྐྱ། ཚོགས་བསྒོམ། ཞང་སྟོན་སོགས་བཅུ་ཙམ་ཡོད་པས། དེ་རྣམས་ལས་འཕྲོས་པ་རྣམས་ལ་ལུང་རྣམས་ཚང་མར་ཡོད་ཅེས་གསུང་ངོ༌། །དེ་