R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢བ
[A:༤༢བ]འགའ་ཞིག་གི་གསུང་ལས་འབྱུང་ཡང་། བྲིས་ཐང་རྙིང་པ་དུ་མར་བ་གླང་གི་གདོང་སོགས་བྲིས་པ་འབྱུང་བས་ཅུང་ཟད་བརྟག་པའི་གནས་ཡིན་པར་ཡང་བླ་མ་དག་གསུང་ངོ་།། ༈ །།གསུམ་པ་ལས་མགོན་གྱི་ལོ་རྒྱུས་ནི། སྔོན་གྱི་དུས་རྒྱ་གར་ཤར་ཕྱོགས་ཀྱི་བས་མཐའི་རི་བྲག་ཟབ་མོ་ཞིག་ན། བྲམ་ཟེ་མིང་སྲིང་གསུམ་ཚངས་སྤྱོད་ཀྱི་དཀའ་ཐུབ་ལ་གནས་ཤིང་དགེ་བ་སྤྱོད་པ་ལས། ཡུལ་དེའི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་རྣམས་དད་ཅིང་འདུན་པར་གྱུར་ནས་བསྙེན་བཀུར་བྱས་པས། ཡུལ་དེའི་རབ་བྱུང་དང་སྔགས་པ་ལ་སོགས་པ་སྔོན་གཞན་གྱིས་བཀུར་བ་རྣམས་ལ་བསྙེན་བཀུར་མེད་པར་གྱུར་ཏོ། །དེའི་ཚེ་དེ་དག་གི་བསམ་པ་ལ། ད་ལྟ་བྲམ་ཟེ་མིང་སྲིང་འདི་དག་ཡོད་པས་བདག་ཅག་རྣམས་གཞན་གྱིས་སྤངས་པས། འདི་གསུམ་གསད་པར་བྱའོ་ཞེས་གྲོས་བཤམས་ནས། རབ་བྱུང་དང་སྔགས་པ་དེ་དག་གིས་རང་གི་བསྒོ་བ་ཉན་པའི་སྐྱེས་པ་དང་བུད་མེད་དག་བསྐུལ་