R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣ན
[A:༤༣ན]ནས་བྲམ་ཟེ་མིང་སྲིང་གི་དྲུང་དུ་ཕྱིན་ཏེ་གསོད་པར་བརྩམས་པ་དང་། དེ་གསུམ་གྱིས་གསོད་པར་ཤེས་ནས་སྨོན་ལམ་ལོག་པར་བཏབ་སྟེ། མིང་པོ་ཆེ་བས་བདག་འདི་རྣམས་ཀྱིས་བསད་པ་དང་། གཤིན་རྗེ་མ་རུང་པ་ཞིག་ཏུ་གྱུར་ནས། འདི་རྣམས་གསོད་པར་གྱུར་ཅིག བསད་ནས་ཀྱང་འདི་དག་ངའི་བྲན་དུ་གྱུར་ཅིག ཅེས་པ་དང་། དེ་བཞིན་དུ་མིང་པོ་ཆུང་བས་ཀྱང་ཚེ་འཕོས་མ་ཐག་བདུད་མ་རུང་པ་ཞིག་ཏུ་གྱུར་ནས་འདི་རྣམས་བསད་དེ་ངའི་བྲན་དུ་གྱུར་ཅིག སྲིང་མོས་ང་བསད་པ་དང་གནོད་སྦྱིན་མ་ཆེན་མོ་ཞིག་ཏུ་གྱུར་ནས་འདི་རྣམས་བསད་དེ་ངའི་བྲན་དུ་གྱུར་ཅིག་ཅེས་དམོད་བོར། དེ་ནས་ཁོང་རྣམས་ཀྱིས་བྲམ་ཟེ་མིང་སྲིང་གསུམ་བསད་པའི་རྗེས། སྔར་དགེ་བ་སྤྱད་པ་དང་། འཆི་ཁར་སྨོན་ལམ་ལོག་པ་བཏབ་པའི་སྟོབས་ཀྱི་མིང་པོ་ཆེ་བ་ལྷོ་ཕྱོགས་གཤིན་རྗེ་ཐམས་ཅད་ཀྱི་གཙོ་བོ་གཤིན་རྗེ་གསོད་བྱེད་ཅེས་བྱ་བར་གྱུར། མིང་པོ་ཆུང་བ་