R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢ན
[A:༤༢ན]ཤོ་དྷེ་སོགས་འཛིན་པ། རེ་ལྡེ་ནག་པོའི་སྟོད་གཡོགས་དང་། སྟག་གི་ཤམ་ཐབས་ལ་སོགས་པ་འོངས་པ་ཤས་ཆེ། འོན་ཀྱང་འདི་རྣམས་རྒྱུད་གཅིག་པས་རྗེ་མོ་དང་གཡོག་མོའི་རྣམ་འགྱུར་གང་འདུལ་སྣ་ཚོགས་སུ་སྟོན་པ་ཡིན་པས། མཐའ་གཅིག་ཏུ་ངེས་པ་ནི་མེད་དོ། །ཞར་བྱུང་དམ་པས་མཛད་པའི་བསྐང་གསོར། གཡོག་གཉིས་འཇིགས་མ་ཞེས་གསུངས་པ་ནི། མཻ་ཏྲི་པས་མཛད་པའི་བསྟོད་པར་མདུན་གྱི་སྣ་འདྲེན་ཆུ་སྲིན་གདོང་དང་། སླད་ཀྱི་རྗེས་འབྲང་སེང་གེའི་གདོང་ཅན་གཉིས་ལ་བཤད་པ་ལྟར་ཡིན་ནོ། །བ་ལང་མ་དང་། ཁྲི་སྨན་མ་ནི་གོང་དུ་བཤད་པ་ལྟར་དུར་ཁྲོད་གཡའ་གངས་ནགས་ཁྲོད་ལ་གནས་པ་དང་། རྒྱ་མཚོ་ལ་སོགས་པའི་རླན་གཤེར་ལ་གནས་པའི་མ་མོའི་མིང་གི་རྣམ་གྲངས་ཡིན་པས། བ་གླང་གི་གདོང་ཅན་དང་། ཀྲྀཥྞ་ས་རའི་གདོང་ཅན་དུ་འདོད་པ་སོགས་ནི་རང་བཟོའི་ཚོད་དཔགས་ཡིན་པར་ཟད་དོ་ཞེས་བླ་མ་