R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༥ན
[A:༡༣༥ན]ཤིང་བྱིན་གྱིས་བརླབས་པ། ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་བསྒྲུབས་པ་སོགས་ཅུང་ཟད་བརྗོད་ན། རྗེ་འདི་སྐུ་གཞོན་ནུའི་དུས་ཐོས་བསམ་ལ་བཞུགས་པའི་སྐབས་ཤིག ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ་ཤར་བྱུང་བའི་དུས་དེར་རང་གི་སྐྱེ་བ་སྔ་མ་རྣམས་དྲན་པའི་ཚུལ་ནི། སྔོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ནས་ཕེབས་དུས་རྗེ་ཉིད་དད་ཅན་གྱི་གང་ཟག་ཅིག་ཏུ་གྱུར་ནས་འཕགས་པའི་ཞབས་རྗེས་སུ་འབྲངས་ཏེ། གདན་ས་ཆེན་པོའི་གྲོལ་ཆུའི་ལྷོ་ཕྱོགས་ཀྱི་གྲོང་འདབས་ཤིག་ཏུ་ཁྱིམ་པ་མོ་ཞིག་དང་ལྷན་ཅིག་ཏུ་བཞུགས་ནས་སྲས་ཀྱང་འགའ་བྱུང་ཞིང་། དེ་དུས་ཀྱི་ཐུགས་དམ་ཆོས་རྒྱལ་མ་རང་ལ་མཛད་པ་གསལ་བར་དྲན་པ་དང་། དེའི་རྗེས་སུ་གཡག་མི་ཕམ་ཆོས་ཀྱི་བླ་མ་སངས་རྒྱས་དཔལ་བས། ས་སྐྱའི་དགའ་ལྡན་དུ་འཆད་ཉན་མཛད་པའི་ཚེ། རྗེ་ཉིད་དེའི་སློབ་མའི་ནང་ཚན་སྡེ་སྣོད་འཛིན་པ་ཆེན་པོ་བསོད་ནམས་བཟང་པོ་ཞེས་བྱ་བར་གྱུར་ནས། དེ་དུས་མཁན་ཆེན་