R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༤བ
[A:༡༣༤བ]ཞིང་། ཆེ་དགུ་ཀུན་གྱིས་ཞབས་ལ་གཏུགས་ཀྱང་། ཁེངས་པ་དང་དྲེགས་པ་ཐམས་ཅད་རྒྱང་རིང་དུ་སྤངས་ཏེ། ཀུན་གྱི་འབངས་ལྟར་གཞན་གྱི་དོན་ལ་དགྱེས་པ་ལྷུར་མཛད་པ་སོགས་མདོར་ན་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་རྣམས་མ་ཚང་པ་མེད་པ་མངའ་བའི་ཚུལ་གྱིས་དུས་དིང་སང་གི་གངས་རིའི་ཁྲོད་ཀྱི་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་ཏེ། ད་ལྟ་དགུང་ལོ་བདུན་ཅུ་པའི་སྟེང་དུ་ཕེབས་པ། སླར་ཡང་བསྐལ་བརྒྱའི་བར་དུ་སེང་གེས་བཏེག་པའི་འགྱུར་མེད་རྡོ་རྗེའི་ཁྲི་ལ་ཞབས་ཟུང་བརྟན་པར་བཞུགས་པའི་དགེ་མཚན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་གྱུར་པའི་ངང་ནས། བདག་ཅག་ལྷ་དང་བཅས་པའི་འདྲེན་པ་དམ་པར་སྐུ་ལྷམ་མེ། གསུང་ལྷང་ངེ་། ཐུགས་ལྷན་ནེ་བའི་ཚུལ་དུ་བཞུགས་པའི་སྐྱེས་ཆེན་དམ་པ་འདི་ཉིད་ཀྱི་ངོ་མཚར་བའི་རྟོགས་པ་བརྗོད་པ་རྒྱས་པ་ནི་ལོགས་སུ་འཆད་པར་བདག་སྤྲོ་ལ། འདིར་ཡང་སྐུའི་སྐྱེ་བ་དྲན་པ་དང་། བླ་མ་དང་ལྷག་པའི་ལྷའི་ཞལ་གཟིགས་