R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢བ
[A:༡༣༢བ]ཕུལ་བས་ཐུས་པ་འདུག་ཅེས་ཞལ་བཞེས་བཀའ་དྲིན་བསྐྱངས་ནས། ཐོག་མར་འདི་སྐོར་གྱི་དབང་དང་རྗེས་གནང་རྣམས་སྩལ་དུས། ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་གི་སྐབས། ནམ་མཁའ་ཤིན་ཏུ་དྭངས་ཤིང་གཟིམ་ཁང་གི་སྟེང་དུ་ཆུ་ཕོ་བ་སོགས་ཀྱི་རྐྱེན་གང་ཡང་མེད་པ་ལ། རྗེས་གནང་གི་མཆོད་བཤོམ་གྱི་སྟེགས་ཀྱི་སྟེང་དུ་གདུང་མཚམས་ནས་བརྡོལ་བ་ལྟ་བུའི་ཆུ་རྒྱུན་དྲི་མ་མེད་པ་བུམ་གང་ཙམ་ཞིག་རྗེས་གནང་གནང་བར་ལ་བབས་བྱུང་བས་དེར་ཡོད་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་། རང་གི་བསམ་པ་ལ་རྗེ་འདི་ལ་ཆོས་སྐྱོང་འདི་སྐོར་གྱི་བྱིན་རླབས་ཀྱི་ཆུ་རྒྱུན་ཁྱད་པར་ཅན་ཞིག་བཞུགས་པའི་ངོ་མཚར་བའི་རྟགས་སུ་འདུག་སྙམ་པ་བྱུང་ཞིང་། ཡང་དེ་དུས་ནང་སོ་པུ་ཏྲ་ཁང་དུ་དམིགས་ཡུལ་ཞིག་ལ་ཆེད་གཏད་ལས་སྦྱོར་གྱི་སྐུ་མཚམས་ཞག་འགའ་མཛད་པ་ན། ནུབ་གཅིག་མནལ་ལམ་གྱི་ཚུལ་དུ་ལས་མཁན་ཆེན་པོ་ཉིད་འབྲོག་པ་ཁྱི་ར་བའི་ཚུལ་དུ་སྤྲུལ་ནས་བྱུང་སྟེ། དེ་ན་རེ། དམིགས་ཡུལ་ལ་རྟགས་མྱུར་དུ་འབྱུང་བ་དང་། རྗེ་ཉིད་རྒྱལ་སྲས་ཐོགས་མེད་པའི་སྐུའི་སྐྱེ་བ་ཡིན་ཚུལ།