R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༡བ
[A:༡༣༡བ]ནས་བཞུགས་པ་དེའི་ཕྱིར་དེ་ཉིད་ཀྱི་ངོ་མཚར་བའི་རྣམ་ཐར་གྱི་ཆ་ཤས་ཕྱོགས་རེ་ཙམ་ཡང་བསྐལ་བརྒྱའི་བར་དུ་བརྗོད་པར་ག་ལ་ནུས། འོན་ཀྱང་རང་གི་བློ་ནུས་དང་འཚམས་པར་སྤྲོས་པའི་རྒྱས་པའི་ཕྱོགས་རྣམས་ཤེས་པར་འདོད་ན། ཁོ་བོས་ལོགས་སུ་བྱས་པའི་རྗེ་འདིའི་རྣམ་པར་ཐར་པ་རྣམས་སུ་བལྟ་བར་བྱོས་ཤིག ཡང་བདག་གི་འདྲེན་པ་རྗེ་བཙུན་དབང་ཕྱུག་རབ་བརྟན་དེ་ཉིད་ཀྱང་། རྒྱུན་དུ་ཐུགས་དམ་ལ་ཤིན་ཏུ་བརྩོན་པས་ཉམས་དང་རྟོགས་པའི་མངའ་བདག་ཏུ་གྱུར་ཅིང་ཁྱད་པར་ཆོས་སྐྱོང་རྣམས་ཀྱིས་ཞལ་སྟོན་པ་དང་། ལས་མཛད་པར་གདོན་མི་ཟ་སྟེ། རྗེ་ཉིད་ས་སྐྱར་ཕེབས་པའི་ཚེ་ཡང་། གདན་ས་ཆེན་པོ་གཟིགས་པ་ནས་བླ་བྲང་སྒོ་སྤེར་མ་ཕེབས་ཀྱི་བར་ལ་དཔལ་མགོན་བྲམ་ཟེའི་གཟུགས་ཅན་སྐུ་མདོག་དཀར་པོ། ཕྱག་གཡས་ན་རྩེ་གསུམ་དང་། གཡོན་ན་ཐོད་པ་བསྣམས་པ། སྐུ་ཚད་ཐོག་དཔང་གསུམ་ཙམ་ཡོད་པ་ཡུམ་ཆེན་བཞི་དང་བཅས་པ་ཞིག་གར་སྟབས་ཀྱི་ལིང་ལིང་འབྱོན་པ་སྤྱན་ལམ་