R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༤ན
[A:༡༢༤ན]ནང་གསང་བའི་བསྟན་དགྲ་བདུད་སྤྲུལ་འགའ་ཞིག་གིས་རྗེའི་ཐུགས་རྒྱུད་དཀྲུགས་ཚེ། གསུང་ཤུགས་ཆེན་པོ་དང་བཅས་དཔལ་མགོན་ཞལ་བཞི་པ་དམ་ཉམས་བསྟན་དགྲ་འདི་ཞེས་བྱ་བ་ཞལ་དུ་བཞེས་ཤིག ཅེས་གསུངས་ཤིང་ཕྱག་ཕྲེང་བརྡབས་པ་སོགས་མཛད་པ་ན། དམིགས་ཡུལ་དེ་ལ་ལོ་ཟླ་མ་འགྱང་པར་རྟགས་བྱུང་བ་མྱོང་བས་གྲུབ་ཅིང་ཡོངས་ལ་གྲགས་པ་ཡིན་ལ། ཡང་སྐབས་འགར་རྗེ་ཉིད་དང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་སློབ་བུ་འགའ་ཞིག་འདས་པ་ན་ཡང་། དཔལ་མགོན་ཞལ་བཞི་པ་ངའི་མི་ཆུང་རེ་རེ་གཉིས་བདག་གཉེར་ཡང་མི་ཡོང་བ་ཞེས་གསུང་ཤུགས་ཆེན་པོས་ཆོས་སྐྱོང་ཉིད་ལ་བཀའ་བཀྱོན་པའི་ཚུལ་དུ་མ་མཛད་པ་དྲུང་ན་གནས་པ་རྣམས་ལས་ཐོས་སོ། །མདོར་ན་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ་འདི་ཉིད་བདག་གི་བླ་མ་འདི་དང་མི་དང་མི་ལབ་པའི་ཚུལ་གྱིས་བྲན་བཞིན་དུ་འཁོར་བའི་རྣམ་པར་ཐར་བ་མང་དུ་ཡོད་ཀྱང་འདིར་ཆོས་སྐྱོང་གཉན་པས་འབྲི་བར་མ་ནུས་སོ། །