R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡བ
[A:༡༢༡བ]ལྡིར་ཡན་ཞིག་པའི་བང་རིམ་དང་། སེང་ཁྲི་མན་གྱི་རྩིག་པ་ཤིན་ཏུ་གསལ་བ་འདུག་པ་མཐོང་བའི་ཚེ། ཞབས་འབྲིང་པ་ཀུན་ཧ་ལས་པར་གྱུར་ཅིང་། དེ་ནས་ས་ཡུལ་དེར་ད་ལྟའི་རིགས་གསུམ་མགོན་པོའི་མཆོད་རྟེན་འདི་ལེགས་པར་བཞེངས་ནས་ཕྱག་ནས་བཀྲ་ཤིས་མངའ་གསོལ་མཛད་པ་ནས་བཟུང་། ད་ལྟའི་བར་དུ་ཕྱོགས་དེ་ཉིད་ནས་སེར་བ་སོགས་ཀྱི་རྒྱུན་འབྱུང་བ་གཏན་མེད་དུ་གྱུར་པ་ནི་གདན་སར་གནས་པའི་སྐྱེ་བོ་ཀུན་གྱི་བློ་ཡུལ་དུ་གསལ་བ་འདི་ཡིན་ནོ། །དེ་ལྟ་བུའི་འགྲན་ཟླ་དང་བྲལ་བའི་ཡོངས་འཛིན་དམ་པ་འདི་ཉིད་ལ། བདུད་ཀྱིས་གནས་མལ་སྙིང་ལ་བཅས་པའི་གང་ཟག་འགའ་ཞིག་གིས་ལོག་སྒྲུབ་བརྩམས་པ་དེའི་ཚེ་ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམས་ཀྱིས་མངོན་སུམ་དུ་ཚར་བཅད་པའི་ཚུལ་ནི། དེ་ཡང་སྐབས་ཤིག་གི་ཚེ་བསྟན་པ་དང་རྣལ་འབྱོར་བ་ལ་དོ་བསྡོ་བའི་གསང་བའི་དགྲ་བོ་སྟོབས་ལྡན་ཞིག་གིས་ལོག་སྒྲུབ་ཆེན་པོ་སྒྲུབ་པར་ཉེ་བ་ན། བདག་ཉིད་ཆེན་པོས་ཆོས་སྐྱོང་རྣམས་ལ་