R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠བ
[A:༡༢༠བ]ཆེ་བ་འདི་རྣམས་ཀུན་སྤངས་དྲུང་རང་གིས་འདི་ཕྱིའི་དོན་ཁོ་ན་ལ་བསམས་ནས་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པའི་ཞབས་འདེགས་སུ་དམིགས་ནས་དགེ་རྒྱུན་གྱི་ཐེབས་སུ་གནས་འཇགས་ཞུས་པ་ཡིན་གསུངས་ནས། གོང་ནས་གནང་རྟེན་གང་ཡང་མ་ཞུས་པར་དད་འབུལ་ཁོ་ན་མཛད་འདུག་པ། འདིའང་དམ་ཅན་མོན་བུ་པུ་ཏྲས་འཕྲིན་ལས་མངོན་སུམ་དུ་བསྒྲུབས་པའི་དགེ་མཚན་ལས་གཞན་དུ་མ་འདས་པའི་ཤིན་ཏུ་ངོ་མཚར་བའི་གནས་སོ། །གཞན་ཡང་ཞིང་སྐྱོང་དུར་ཁྲོད་བདག་པོ་དང་། དཔལ་ལྡན་དམག་ཟོར་རྒྱལ་མོས་ཀྱང་ཞལ་དངོས་སུ་བསྟན་པའི་ལོ་རྒྱུས་ཡོད་མོད་ཀྱང་ཡི་གེས་འཇིགས་ནས་མ་སྤྲོས་ལ། ཡང་གདན་ས་འདིར་བར་སྐབས་ཤིག་ཏུ་སྐྱེ་བོ་མི་བསྲུན་པ་དག་གིས་བསམ་སྦྱོར་ངན་པའི་འཁྲུལ་འཁོར་ལ་བརྟེན་ནས་ལོ་དགྲ་སད་སེར་བ་སོགས་དུས་རྒྱུན་དུ་བྱུང་བའི་ཚེ། སློབ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་བདག་ཉིད་ཆེན་པོས་བླ་མ་གོང་མ་རྣམས་ཀྱིས་ལོ་དགྲའི་གཉེན་