R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡བ
[A:༡༡༡བ]འདིས་བྱས་འགྱུར་དུ་སྐུ་མཚམས་ལོ་གསུམ་ཐེངས་གཉིས་གནང་བའི་སྔ་མའི་དུས་སུ། ཤིང་མགོན་ཡིད་བཞིན་ནོར་བུའི་ཐུགས་ཀ་ནས་འོད་སྔོན་པོ་ཞིག་བྱུང་བ། རྗེ་ཉིད་ཀྱི་ཐུགས་ཀར་ཐིམ་པའི་གསལ་སྣང་དང་བཅས། བྲག་ཕུག་ཆེན་པོ་མེ་འབར་བ་ཞིག་གི་ཁྲོད་ན་བཞུགས་པའི་དཔལ་གུར་གྱི་མགོན་པོའི་སྐུ་གཟི་བརྗིད་དང་ལྡན་པ་ཞིག་མངོན་སུམ་དུ་གཟིགས་པ་དང་། སྒོ་རུམ་གྱི་བསེ་མགོན་ཡིད་བཞིན་ནོར་བུ་ལ་ཡང་ལས་བཞི་ཐོགས་མེད་དུ་འགྲུབ་པའི་གཟིགས་སྣང་ངོ་མཚར་ཅན་བྱུང་ཚུལ་གོང་དུ་བརྗོད་པ་ལྟར་ཡིན་པས། དེ་ལྟ་བུ་ཡང་ཡེ་ཤེས་པ་དངོས་ཀྱི་ཞལ་བསྟན་པ་དང་ཁྱད་པར་མི་འདུག་ཅིང་། ཡང་ཞིང་སྐྱོང་ཙ་ཏུརྨུ་ཁ་ཉིད་ཀྱི་སྐུའི་སྣང་བརྙན་བསྟན་ཅིང་འཕྲིན་ལས་སྒྲུབ་པའི་སྒོ་ནས་རྟེན་རྡོ་ཁྱད་པར་ཅན་གྱི་བཀའ་བབས་བྱུང་བའི་ཚུལ་ནི། རྗེ་ཉིད་དགུང་ལོ་ང་དགུ་ཙམ་བཞེས་པའི་སྟོན་གྱི་ཆ་ལ་སྟོད་བྱང་གསང་སྔགས་རྙིང་མའི་དགོན་གནས་སྲིད་གསུམ་དྲག་པོ་དཔལ་འབར་གྱི་སློབ་དཔོན་རིན་པོ་ཆེའི་གཟིམ་ཕུག་ཏུ་བཞུགས་པའི་སྐབས་