R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩ན
[A:༥༩ན] གླེང་བ་མང་ན་ཡང་། །འདི་བཞིན་ཚང་བ་ཉིན་སྐར་ཙམ། །བརྒྱ་ལ་ཡི་གེ་ཚང་ན་ཡང་། །མན་ངག་ཤེས་པའི་བརྒྱུད་པ་ལས། །འོངས་པའི་ཞལ་ཤེས་ལག་ལེན་ཅན། །སྔགས་འཆང་ཨུ་དུམ་ཝ་རར་མཚུངས། །དེ་ཡི་རྒྱུ་མཚན་འདི་ལྟར་ཡིན། །དམ་པའི་མགོན་དང་མཇལ་བ་དཀའ། །མཇལ་ཡང་ལུས་དང་ལོངས་སྤྱོད་ཀུན། །ཕུལ་ནས་ཆིག་བསྒྲིལ་བསྟེན་པ་དཀོན། །དེ་ཕྱིར་རྡོ་བའི་ངོས་ལ་ནི། །འབྲུ་ཡི་ས་བོན་བཏབ་པའམ། །ཀོ་ཊ་པ་ལས་ས་ལུ་བཞིན། །རྒྱུ་འབྲས་བསླུ་མེད་གནད་ཀྱིས་སོ། །དེས་ན་འཁོན་སྟོན་རྡོ་རྗེ་འཆང་། །གང་དེའི་ཐུགས་སྲས་ཀུན་སྤངས་རྗེ། །ཁོ་བོས་གཙུག་གི་རྒྱན་དུ་བསྟེན། །ཅི་གསུང་བཀའ་རྣམས་འབད་པས་བསྒྲུབས། །སྐྱབས་གཞན་སྤངས་ནས་གཅིག་ཏུ་བསྒྲིལ། །དེ་ཡི་མཐུ་ལས་ཐུགས་རྗེའི་རྒྱུན། །བཀའ་དྲིན་བདུད་རྩིས་སྙིང་མྱོས་པའི། །ཚུལ་འདི་ཤེས་པ་ཁོ་བོར་གདའ། །ཞེས་ཀྱང་གསུངས་