R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥བ
[A:༤༥བ] བྲག་ཐོག་ཆོས་རྗེ་བསོད་ནམས་བཟང་པོའི་དྲུང་དུ་དབུ་སྐྲ་བཅད་དེ་དགེ་བསྙེན་གྱི་སྡོམ་པ་མནོས། དཔལ་ས་སྐྱ་པའི་ལུགས་ཀྱི་ཆོས་སྐོར་རྒྱུད་གསུམ་མན་ངག་དང་བཅས་པ་ལ་སོགས་པའི་དབང་བཀའ་བཤད་བཀའ། མན་ངག་གི་བཀའ་ལ་སོགས་པ་རྣམས་ཀྱི་སྐོར་ཆ་ལག་ཕྲན་དང་བཅས་པ་ཡོངས་སུ་རྫོགས་པར་གསན། མཁས་པར་བསླབས། ཐུགས་ཉམས་སུ་བཞེས། ཡི་དམ་དང་ཆོས་སྐྱོང་གོང་འོག་གི་བསྙེན་པ་མཐར་ཕྱིན་པས་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོར་གྲགས། ཆོས་རྗེ་དཔལ་འཛིན་བཟང་པོའི་དྲུང་དུ་ས་ལུགས་ཀྱི་ཆོས་སྐོར་མང་དུ་གསན་ཅིང་། ཁྱད་པར་གུར་ཕུར་ལ་སོགས་པའི་གར་འཆམ་དབྱངས་ལ་སོགས་པ་ལ་མཁས་པར་མཛད། དེ་ནས་དགུང་ལོ་ཉི་ཤུ་རྩ་བདུན་ཙམ་ལ། ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་ཆེན་པོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་སྐུ་ཤིན་ཏུ་བཙུན་པའི་མཆོག་ཏུ་གྱུར། མཚན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ཞེས་གསོལ། གཞན་ཡང་མཁས་པ་དེའི་དྲུང་དུ་མདོ་སྔགས་