R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]བུ་དེས་ཀྱང་ཀུན་གྱིས་ཚོར་བའི་སྐད་བཏོན་པས། ཐམས་ཅད་ཀྱང་རྟོག་བཅས་སུ་གྱུར་ཅིང་། སྒར་ནད་མི་ཟད་པས་བཏབ་སྟེ་དམག་འཕྲལ་དུ་ཞིག་པར་གྱུར་ནས། དེ་དུས་ལྷ་མོའི་སྐུ་དེའི་ཞལ་འགྲམ་ལ་རྔུལ་གྲོན་མོ་ཤར་གྱིས་བྱུང་བས་ད་ལྟ་ཡང་སྐུ་དེ་ལ་ལྷ་མོ་རྔུལ་རིས་མར་གྲགས་ཤིང་དགེ་སྡིང་མགོན་ཁང་ན་བཞུགས་སོ། །བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ནི། ས་སྐྱ་པའི་གདུང་བརྒྱུད་གཞན་རྣམས་ལས་ཀྱང་། ཆོས་སྐྱོང་གི་སྐོར་རྣམས་ལ་མཁས་ཤིང་གྲུབ་པའི་ཕུལ་དུ་ཕྱིན་པར་ཡོངས་སུ་གྲགས་ཤིང་དོན་ལ་གནས་པ་བཞིན། དེའི་ཚུལ་ཅུང་ཟད་ནི་གོང་དུ་བརྗོད་ཟིན་ལ། འདིར་ཡང་ཆ་ཤས་ཙམ་སྤེལ་ན་རྗེ་ས་ཆེན་གྱི་རྣམ་སྤྲུལ་ཡིན་པའི་གཏན་ཚིགས་ནི། སྔོན་མུས་ཆེན་སེམས་དཔའ་ཆེན་པོ་དང་མཇལ་ནས་འདོད་ཆོས་ཀྱི་གསོལ་བ་བཏབ་པའི་ཚེ། བླ་ཆེན་ས་སྐྱ་པའི་རྣམ་ཐར་གྱི་དཔེ་ཞིག་ཕྱག་ཏུ་གནང་ནས