R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥བ
[A:༥བ]ཁྱེད་རང་གི་ཆོས་རྣམས་འདི་ན་ཡོད་པས། འདི་ནང་བཞིན་ངེད་རང་གིས་གང་ཐོབ་འབུལ་ལོ་གསུངས་པ་དང་། བསེ་འབག་ནག་པོ་འཕུར་ཤེས་དང་ལྷན་ཅིག་རྒྱ་གར་ནས་བྱུང་བའི་བསེའི་གའུ་སྒྲུབ་སྐོར་གྱི་མན་ངག་བཞུགས་པའི་བེའུ་བུམ་དེ། དིང་སང་གང་ན་ཡོད་དཀར་ཆག་སོགས་ན་མི་གསལ་བ་ལ་རྗེ་འདིའི་གསུང་ལས། ས་ཆེན་ཟེར་བའི་བགྲེས་པོ་དེས་གཏེར་དུ་སྦས་པ་ཡིན་པ་འདུག ཅེས་གསུངས་པ་སྔོན་གྱི་སྐྱེ་བ་དྲན་པའི་གསུང་ལས་གཞན་དུ་མ་འདས་པ་དང་། གཞན་ཡང་སྒོ་རུམ་དཔེ་ཁང་སོགས་ཀྱི་རྗེ་ས་ཆེན་གྱི་ཕྱག་བྲིས་གང་ཡིན་ཐོགས་མེད་དུ་ངོ་མཁྱེན་པ་ལ། རྗེ་བཙུན་རྡོ་རིང་པ་ཆེན་པོས། འདི་ལྟར་མཁྱེན་པའི་རྒྱུ་མཚན་གང་ལགས་ཞུས་པས། དེའི་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ཡོད། དེ་ཙམ་གྱིས་ཆོག གཞན་ལ་དེ་འདྲའི་བགྲོས་ཡེ་མ་བཏང་གསུངས་པ་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ཐེ་ཚོམ་མེད་པར་ངེས་སོ། །ཞེས་རྗེ་རྡོ་རིང་པ་ཆེན་པོ་ཡང་ཡང་དུ་གསུངས་པར་གྲགས་ཤིང་།