R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༤བ
[A:༡༧༤བ]སྤྱོད་དུ་འབྱོན་པར་བསྐུལ་བ་ན། བདག་ལ་ལྟོས་པའི་འགྲོ་བ་མང་དུ་ཡོད་པས་མི་འགྲོ་ཞུས་པ་དང་། གཞན་ཡང་སྲིད་པའི་རྒྱ་མཚོ་ལས་འགྲོ་བ་མང་པོ་སྒྲོལ་བའི་མཚན་ལྟས་ལ་སོགས་པ་མནལ་ལམ་གྱི་རྣམ་པར་ཐར་པ་ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྣམ་པར་དཀར་བའི་མཛད་འཕྲིན་མཐའ་ཡས་པའི་ངང་ནས་དགུང་ལོ་བདུན་ཅུ་པ་མེ་ཕོ་བྱི་བའི་དབོ་ཟླའི་ཚེས་བཅུ་གཉིས་ལ་ཁོ་བོ་འདི་ནས་བདེ་བ་ཅན་དང་། དེ་ནས་གསེར་མདོག་ཅན་དུ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཀྱིས་ཞིང་སྦྱོངས། ལུས་གསུམ་པ་ལ་ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་འགྲུབ་བོ་ཞེས་གསུངས་ནས་གཤེགས་སོ། །བླ་མ་འདི་ཉིད་འཁྲུངས་པའི་ས་ཡང་སྒོ་རུམ་ཡེ་ཤེས་མགོན་པོ་བཞུགས་པའི་མགོན་ཁང་གི་མདོར་འཁྲུངས་ཤིང་། གཤེགས་པ་ཡང་དེ་ཉིད་དུ་མཛད་པས། ཐོག་མར་སྐྱེ་སའི་ས་དེར་མྱ་ངན་ལས་འདའ་མཁན་ཁོ་བོ་ཙམ་ཡིན་ཞེས་ཀྱང་གསུངས་པར་གྲགས། དེ་ལྟ་བུའི་གངས་ཁྲོད་ཀྱི་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན། དཔའ་བོ་