R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩བ
[A:༡༣༩བ]ཕྱིས་བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་ཀྱང་བསེ་འབག་གི་ཞལ་གདོང་གི་ཧོཾ་ཁུང་ཁ་ཕྱེ་བ་མཛད་ནས་མཛེ་ཐོད་ཀྱི་ནང་གི་སྙིང་ལ་ཉམས་པའི་དགྲ་བོ་ལྷ་གནས་གཉིས་སོགས་ལ་དམིགས་པའི་དགུག་གཞུག་ལྷ་དབྱེ་བདེན་བརྡར་སོགས་མཛད་པས། དམ་ཉམས་རྣམས་གཏན་བརླག་ཏུ་ཐོང་བ་འདི་བཞིན་བྱུང་བ་ཡིན་ཞེས་བདག་གི་བླ་མ་འཇམ་དབྱངས་སྐུ་མཆེད་ཀྱི་གསུང་ལས་ཡང་ཡང་ཐོས་ཤིང་། ད་དུང་ཡང་ས་སྐྱ་པའི་བསྟན་པ་གདུང་བརྒྱུད་དང་བཅས་པ་ལ་གནོད་པའི་བསྟན་དགྲ་མི་སྲུན་པ་རྣམས་ལ་ཤིན་ཏུ་མྱུར་བའི་ལས་སྦྱོར་དགོས་པ་བྱུང་ཚེ། བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་བགྱིས་ན་རྟགས་མཚན་འབྱུང་བ་ལ་ཐེ་ཚོམ་མི་དགོས་སྙམ་དུ་ཁོ་བོ་སེམས་སོ། །སྔགས་ནག་གི་ཕུང་པོ་བྱིན་སྒོ་རུམ་མགོན་ཁང་གི་ཐེམ་འོག་ཏུ་བླ་ཆེན་ཉིད་ཀྱིས་མནན་པ་མཛད་པ་བཞིན་ད་ལྟ་ཡང་དབུ་རྩེའི་