R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༦བ
[A:༡༣༦བ]ཚར་བཅད་དེ་རྣམ་ཤེས་ཆོས་དབྱིངས་སུ་སྒྲོལ་བར་མཛད་པའི་ཚུལ་ཡང་། དུས་དེར་བདུད་སྤྲུལ་སྔགས་ནག་བླ་ཆེན་སྟག་ཚ་དང་། བོན་ནག་རེ་བ་ཛུ་གུར་ཞེས་བྱ་བ་གཉིས་ཀྱིས་བསྟན་འཛིན་རྣམས་ལ་ཤིན་ཏུ་ཕྲག་དོག་པའི་སྒོ་ནས་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ཉིད་ལ་ཡང་བར་ཆད་ཐོ་འཚམས་བྱེད་སྙམ་སྟེ། སྟག་ཚའི་སློབ་མ་ཁམས་ཀྱི་ལྡན་མ་ནས་འོངས་པའི་མིང་རྡོར་རྒྱལ་ཟེར་བ་གཅིག་གསེར་གྱིས་བསླད་ནས་བླ་ཆེན་འགྲོང་དུ་བཏང་པས། ཁམས་པ་དེས་ཀྱང་ཁས་བླངས་ནས་ས་སྐྱར་འོངས་པའི་ཚེ། བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་དེ་ཉིད་སྒོ་རུམ་གཟིམ་སྤྱིལ་དཀར་པོར་བཞུགས་ཡོད་པ་ལ་ཁམས་པ་དེས་མཇལ་ག་ཞུས་པ་ན་དེ་འཕྲལ་སྐུ་ཞོགས་སུ་གནང་བའི་ཚེ། ཁམས་པ་དེ་ན་རེ། བདག་སྐྱེ་ས་ཁམས་ཀྱི་ལྡན་མ་ཡིན་ཞིང་། སྟོད་ཀྱི་ཕྱོགས་སུ་ཕྱིན་ནས་ལོ་དུ་མ་སོང་། དེ་ནས་བླ་ཆེན་ཁྱེད་ཀྱི་སྙན་པ་ཐོས་ནས་དད་པ་ཆེན་པོས་མཇལ་དུ་འོངས་པ་ལགས།