R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༦ན
[A:༡༣༦ན]སྲུང་བ་དང་། ཆོས་མིན་བྱེད་པ་རྣམས་ཚར་གཅོད་པའི་ལས་སྒྲུབ་པ་ལ་ཉིན་མཚན་ཀུན་ཏུ་བྱ་ར་བའི་ཚུལ་གྱིས་བཞུགས་པ་ཡིན་ནོ། །གདན་སའི་དུས་མདོས་ཆེན་མོའི་སྐབས་ཀྱི་འཆམ་མགོན་ལས་མཁན་ལྔ་དང་བཅས་པའི་འཁོར་གྱི་མི་ནག་དུང་ལོངས་ཅན་གསུམ་པོ་དེ་ཡང་། མོན་ཆུང་པུ་ཏྲ་རྣམས་ཀྱི་མཚོན་བྱེད་ཡིན་ཞེས་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་ལས་འབྱུང་བ་བདག་གི་བླ་མ་ཡབ་རྗེ་སྦས་པའི་སངས་རྒྱས་དེ་ཉིད་ཡང་ཡང་དུ་གསུངས་པ་ཐོས་སོ། །དེ་ལྟ་བུའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་དེ་ཉིད་ཀྱི་ཕྱག་ཏུ་བསྟན་སྲུང་ཀུན་གྱི་གཙོ་བོ་དཔལ་མཧཱ་ཀཱ་ལའི་སྐུ་བརྙན་བསེ་མགོན། ཤིན་མགོན། རྡོ་མགོན་ཏེ་རྣམ་པ་གསུམ་དང་། ཆོས་ཀྱི་བཀའ་བབས་གསུམ་ཡོངས་སུ་རྫོགས་པ་བབས་པ་ནས། དུས་ཧ་ཅང་མི་རིང་བ་ཞིག་གི་ཚེ། ཆོས་སྐྱོང་འདིའི་སྒོ་ནས་བསྟན་དགྲ་གདུག་པ་ཅན་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་