R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༧ན
[A:༡༣༧ན]ད་རེ་ཞིག་ཁྱེད་ཀྱི་ཞབས་དྲུང་དུ་བསྡད་ཆོག་པར་ཞུས་པ་ལ། དེ་བཞིན་དུ་གནང་ཞིང་། གཞན་ཡང་འཕྲལ་དུ་ཁམས་པ་དེ་གུས་གུས་ལྟར་གྱིས་ཐབས་ཅི་འདྲ་ཞིག་བྱས་ནས་བཀྲོངས་པ་དྲག་གམ་སྙམ་དུ་སེམས་པའི་ཚེ། བླ་ཆེན་གྱིས་མཁྱེན་བཞིན་པའི་ངང་ནས། ཉིན་གཅིག་གི་ཚེ་བླ་ཆེན་ཉིད་ཀྱི་སྐུ་བེམ་གྱི་ནང་དུ་རྗེ་བཙུན་སྐུ་མཆེད་རྣམས་དང་བཅས་ཏེ་ཡབ་སྲས་ལྷན་ཅིག་ཏུ་བཞུགས་པ་ན། དེ་ཉིད་ཁམས་པས་མཐོང་བའི་ཚེ། འཇིག་རྟེན་ཕལ་པ་ལྟ་བུའི་ཕ་བུ་སྡོད་ལུགས་འདི་འདྲ་བ་དང་བླ་མ་ལྟ་ཅི། ཆོས་པ་ཙམ་དུ་ཡང་མི་འདུག་སྙམ་ལོག་ལྟ་ཆེར་སྐྱེས་པའི་ཚེ། དེ་ཉིད་བླ་མ་ཆེན་པོའི་ཡེ་ཤེས་ཀྱི་གཟིགས་པས་ལེགས་པར་དགོངས་ཏེ། ཁམས་པ་ཞབས་དྲུང་དུ་འབོད་པར་མཛད་ནས། ཁྱོད་ལ་རྣམ་རྟོག་ངན་པ་མེད་མཆིས་སམ་ཞེས་གསུངས་པས། ཁམས་པ་ཉིད་ཤིན་ཏུ་སྐྲག་སྟེ་ཙབ་ཙོབ་ཏུ་གྱུར་པ་ན། བླ་ཆེན་གྱི་ཞལ་ནས་གསང་སྔགས་