R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨ན
[A:༡༡༨ན]རྡུལ་ཚོན་དང་། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བཞི་ཡོངས་སུ་རྫོགས་པ་ཞལ་ནས་སྙན་དུ་བརྒྱུད་པ་ཆེས་ཟབ་པར་གྲགས་པ་ཞིག་བྱུང་། འདི་རྣམས་བླ་ཆེན་འབྲོག་མིས་བླ་མ་སེ་སྟོན་ཀུན་རིག་ལ་གནང་། དེས་ཞང་སྟོན་ཆོས་འབར་ལ་གནང་ངོ་། །དེའི་དྲུང་དུ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས་ཡོངས་སུ་རྫོགས་པར་གསན་པ་ཡིན་ནོ། །ས་སྐྱ་པའི་ཤིང་མགོན་ཡིད་བཞིན་ནོར་བུར་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱི་སྤུར་སོལ་ལས་རང་བྱོན་དུ་འཁྲུངས་པའི་མངོན་སྤྱོད་ཀྱི་ལས་ལ་མཐུ་རྩལ་ཤིན་ཏུ་མྱུར་བར་གྲགས་པ་འདི་ནི་པུ་ཧྲངས་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ནས་བརྒྱུད་དེ། བླ་ཆེན་ས་སྐྱ་པའི་ཕྱག་ཏུ་བབ་པ་ཡིན་ལ། བླ་མ་འགའ་ཞིག་ཤིང་མགོན་འདི་བྲམ་ཟེ་ཆེན་པོའི་ཐུགས་དམ་མར་བཞེད་པ་ཡང་སྣང་ངོ་། །བཀའ་བབ་གསུམ་པ་ནི། བླ་མ་ལོ་ཙཱ་བ་ཆེན་པོ་བློ་གྲོས་གྲགས་ལ་