R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦ན
[A:༡༡༦ན]ཅན་གྱི་དོན་ཁོ་ན་མ་ཡིན་པ། རང་དོན་གྱི་འཁྲི་བ་སྤངས་ནས་ཅི་བྱས་ཆོས་སུ་འགྲོ་བ་ཁོ་ན་མཛོད། ཅེས་པ་ལ་སོགས་པའི་ཞལ་བཀོད་མང་པོ་གསུངས་ནས་ལུས་གནད་ཀྱི་ངང་ནས་བདེ་བར་གཤེགས། དེའི་རྗེས་སུ་གསོལ་འདེབས། སྐུའི་དོད་ཕྱི་རྟེན་ནང་རྟེན་བཞེངས་པ། དུས་ཀྱི་མཆོད་པ་ལ་སོགས་པ་བླ་མ་ས་སྐྱ་པ་ཆེན་པོ་ཉིད་ཀྱིས་རྒྱས་པར་བསྒྲུས་སོ། །རྗེ་བཙུན་ས་སྐྱ་པ་ཆེན་པོ་ཉིད་ཀྱིས། བ་རི་ལོ་ཙཱ་བ་ཆེན་པོ་འདིའི་དྲུང་དུ་སྤྱིར་མདོ་དང་། རྒྱུད་དང་། མན་ངག་མང་པོ་དང་། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པའི་ཆོས་ཐམས་ཅད་རྫོགས་པར་ཞུས། ཁྱད་པར་འཇམ་དཔལ་དང་། མི་གཡོ་བ་དང་། སྒྲོལ་མ་དཀར་མོ་དང་། དབང་སྡུད་འདོད་པའི་རྒྱལ་པོའི་ཆོས་སྐོར་ལ་སོགས་པ་མང་དུ་ཞུས་ཤིང་། དགུང་ལོ་བཅུ་གཉིས་པའི་དུས་ས་སྐྱའི་འཇམ་དཔལ་བྲག་ཁུང་དུ་འཇམ་དཔལ་ཨ་ར་པ་ཙ་ན་བསྒྲུབས་པས། རེས་འགའ་དུང་གི་