R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥བ
[A:༡༡༥བ]ཁང་མང་པོ་བརྩིགས་པ་སོགས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས་དགུང་ལོ་བདུན་ཅུ་དོན་གཅིག་པ་ལ་ས་སྐྱའི་གདན་ས་གཏད་དེ། བར་ཕུག་རོང་གི་དབེན་གནས་སུ་ཐུགས་དམ་ཁོ་ན་ལ་བཞུགས་ནས་ལོ་གཉིས་སོང་བ་བདུན་ཅུ་དོན་གསུམ་ལ་དབྱུག་པ་ཟླ་བའི་ཚེས་བཅུ་བཞི་ལ་བླ་མ་ས་སྐྱ་པ་ཆེན་པོ་སྐུ་དྲུང་ན་བཞུགས་པ་ལ་ཞལ་ལྟ་གནང་བ། ང་ནི་བདེ་བ་ནས་བདེ་བར་འགྲོ། ཡི་དམ་གྱི་ལྷ་འཇམ་དཔལ། རྣམ་འཇོམས། སྤྱན་རས་གཟིགས། སྒྲོལ་མ། རྣམ་རྒྱལ་རྣམས་ཉིན་རེ་བཞིན་དུ་ཇི་ལྟར་འདོད་པ་ན་ཞལ་མཐོང་། ཁྱད་པར་ཐུགས་རྗེ་ཆེན་པོ། ས་སྐྱ་དང་། ལ་སྟོད་བྱང་རྒྱབ། གཡས་རུ་ཁ་སྟོད་རྣམས་སུ་ཉིན་ཞག་བདུན་རེ་ཙམ་འབྲལ་མེད་དུ་ཞལ་མཐོང་བས་ལྷག་པའི་ལྷས་རྗེས་སུ་བཟུང་བ་ཡིན། བདེ་བ་ཡིན་མི་འགྱོད་པ་ཡིན། ཁྱེད་ཇོ་སྲས་ཀྱི་བུ་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པས། སངས་རྒྱས་ཀྱི་བསྟན་པ་དང་སེམས་