R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥ན
[A:༡༡༥ན]ཚ། རྒྱ་བོད་ཀྱི་རྟེན་བྱིན་རླབས་ཅན་དུ་མ་ནང་དུ་བཅུག གཞན་ཡང་བཀྲ་ཤིས་པའི་རྟེན་འབྲེལ་དུ་མ་མཛད་ཅིང་། རབ་གནས་ཀྱི་དོན་དུ་ཡང་རྣམ་རྒྱལ་ཆོ་ག་སྟོང་ཕྲག་གཉིས་མཛད་ནས། ཚེས་བརྒྱད་ཀྱི་ཉིན་མོ་མེ་ཏོག་འཐོར་བར་མཛད་པ་ན། མཆོད་རྟེན་གྱི་བུམ་པ་ལས་འཕྲོས་པའི་འོད་སེར་པོ་གསེར་བཙོ་མའི་མདོག་ལྟ་བུས་མིག་གིས་མཐོང་ཚད་ཀྱི་ས་དང་ནམ་མཁའ་ཁེངས་ཤིང་། དྲིལ་བུའི་སྒྲ་ལྟ་བུ་འཁྲོལ་བ་དང་། ལེགས་སོ་ཞེས་པའི་སྒྲ་མི་ཆེ་བ་ལན་བཞིར་ཀུན་གྱིས་ཐོས་པས་ཐམས་ཅད་ཡ་མཚན་དུ་གྱུར། དེ་ནས་བཟུང་སྟེ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་ནི་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་བོ། །དམྱལ་བའི་ཟངས་ཁར་གནས་པའི་སེམས་ཅན་རྣམས་འདོན་པའི་སླད་དུ་གཡུ་མཁར་མོའི་གཙུག་ལག་ཁང་བཞེངས་པ་དང་། གཞན་ཡང་མཆོད་རྟེན་མང་པོ་བཞེངས་པ། ཟམ་པ་མང་པོ་འཛུགས་པ། མགྲོན་