R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡བ
[A:༡༡༡བ]་རློམ་རྣམས་མཚར། །འོན་ཀྱང་བསླུ་མེད་བླ་མར་བློ་གཏད་ནས། །ཅི་བྱས་བསྟན་འགྲོའི་དོན་དུ་གྱུར་ཅིག་སྙམ། །ལྷག་བསམ་འདི་ལ་དམ་ཅན་རྒྱ་མཚོའི་ཚོགས། །རྟག་ཏུ་དགྱེས་པའི་འཛུམ་ཞལ་ཅིས་མི་སྟོན། །དེ་ཕྱིར་མཁྱེན་བརྩེ་ནུས་ལྡན་གཞན་སྟོབས་ཀྱིས། །རང་དང་རང་ལ་ཡིད་གཏད་གདུལ་བྱ་ཡི། །འདི་ཕྱིའི་དོན་གཉིས་འབད་མེད་ལྷུན་གྲུབ་ཏུ། །འབྱུང་བ་སོམ་ཉི་མེད་འདི་ངོ་མཚར་གནས། །ལྔ་པ། ཁྱད་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབ་ཚུལ་ནི། གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ནག་པོ་འདིའི་ཆོས་སྐོར་གྱི་བཀའ་བབ་ཆེན་པོ་བཞི་མངའ་སྟེ། དེ་ཡང་བླ་མ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་དང་། བླ་མ་ཞང་དགོན་པ་ནས་བརྒྱུད་པ་དང་། བླ་མ་མལ་ལོ་ཙཱ་བ་ནས་བརྒྱུད་པ་དང་། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་ནས་བརྒྱུད་པའོ། །དང་པོ་ནི། བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པ་