R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧ན
[A:༡༠༧ན]པར་བྱུང་ཞིང་། བོད་རྦད་བསད་གསུམ་ཞང་ཞུང་གི་སྐད་དུ་འདུག་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས། ཁ་ཅིག་གཏེར་འདི་དྷརྨཱ་པཱ་ལ་ཉིད་ཀྱིས་བསམ་ཡས་སུ་བྱོན་ནས་བཏོན་པར་ཡང་བཤད། ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ནས་ཐོན་པའི་སྒྲུབ་སྐོར་རྣམས་བླ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ལ་གནང་བར་གྲགས་སོ། །ལོ་ཙཱ་བ་རིན་ཆེན་བཟང་པོ་ལ། སློབ་མ་མངའ་རིས་སྟོད་ཀྱི་བུ་བཞི། ཀ་བཞི་གདུང་བརྒྱད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་ཀྱི་ནང་ནས། ནག་པོ་ཆེན་པོ་འདིའི་ཆོས་སྐོར་རྣམས་ཁོང་རང་གི་ཉེ་གནས་གུ་རུབ་རིན་ཆེན་བསོད་ནམས་སམ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་སུ་གྲགས་པ་ཉིད་ལ་གནང་བ་ཡིན་ཏེ། བླ་མ་བྲག་སྟེང་ཉིད་ཀྱིས་ལོ་ཙཱ་བ་ཆེན་པོ་ལ་སྤྱིར་ཡོ་ག་ལ་སོགས་པའི་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་དཔག་ཏུ་མེད་པ་གསན། ཁྱད་པར་འོད་ཟེར་ཅན་གྱི་པྲ་བརྟག་པ། ནོར་རྒྱུན་མའི་སྒྲུབ་ཐབས།