R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣ན
[A:༡༠༣ན] གཞན་གྱི་ཀླན་ག་མེད་པ་འདི་བཞིན་དུ་འདོད་དེ། དེ་ཡང་བསེ་མགོན་ཆེན་པོ་འདི་ནི། ངེས་པའི་དོན་དུ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ལས་གཞན་དུ་མ་འདས་ཀྱང་། ཀུན་རྫོབ་གདུལ་བྱའི་སྣང་ངོ་ཙམ་དུ་འཆམ་མགོན་གྱི་རྣམ་པར་བསྟན་པ་ཡིན་པར་ལོ་རྒྱུས་ཀྱི་ཡི་གེ་རྣམས་ཀྱི་དོན་ལ་དཔྱད་པས་བསྙོན་མེད་དུ་གྲུབ་པ་དེའི་ཕྱིར། དེས་ན་གདུལ་བྱ་སེམས་ཅན་གྱི་སྐལ་བ་དང་ལས་སྣང་ཡང་བསམ་གྱིས་མི་ཁྱབ་པས། འདུལ་བྱེད་སངས་རྒྱས་ཀྱི་རྣམ་འཕྲུལ་ཡང་གང་ལ་གང་འདུལ་དུ་སྟོན་པ་ནི། རྒྱལ་བ་རྣམས་ཀྱི་འཕྲིན་ལས་ཀྱི་མཛད་པའི་ཆོས་ཉིད་ཡིན་པས་ན། དེ་ཉིད་ཀྱི་མཐའ་འདི་ཙམ་མོ་ཞེས་གཟུང་བར་མི་བྱ་བ་ནི་གནད་ཀྱི་དོན་ཟབ་མོ་ཡིན་པས། དེ་ཉིད་ལ་ངེས་པའི་ཤེས་པ་ལྷག་པར་བསྐྱེད་དེ། གྲུབ་མཐའ་བློ་ངོ་ཡིན་པས་ཀུན་ཀྱང་བདེན། ཞེས་པའི་ཚུལ་དང་མཚུངས་པར་ཤེས་པར་བྱའོ། །རྣམ་