R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢བ
[A:༡༠༢བ]རྣམས་བྱུང་བར་མ་བཤད་པས། མགོན་ཁང་ཡང་ཇི་ལྟར་འབྱུང་སོམས་ཤིག་ཅེས་གསུངས་སོ། །དེ་ལྟར་ལོ་རྒྱུས་མི་འདྲ་བ་གཉིས་ལས། སྔ་མ་ཉིད་ཚད་མར་བྱེད་ན་སངས་རྒྱས་ཞལ་བཞུགས་དུས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་སོགས་མ་བྱུང་བར་བཤད་པ་དེ་ལ། ལུང་རིགས་རྣམ་དག་གི་འགལ་སྤོང་ཞིག་དགོས་པར་སྣང་ཞིང་། ལོ་རྒྱུས་ཕྱི་མ་ཉིད་འཐད་པ་ལྟར་ན་སློབ་དཔོན་བསོད་ནམས་རྩེ་མོ་དང་། རྒྱལ་ཚ་ལུང་མང་པོའི་གསུང་གི་ཡི་གེ་ལས། བསྟན་པའི་རྩ་ལག་སྲོག་ཤིང་དམ་པ་དཔལ་རྡོ་རྗེ་གདན་གྱི་སྲུང་མར་ཐུབ་པས་བསེ་ལས་བྱས་པའི་འཆམ་སྐུ་ལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མགོན་ཁང་དང་བཅས་པ་ལ་རབ་ཏུ་གནས་པ་མཛད་ཅེས་གསལ་བར་གསུངས་པ་དེ་ཉིད། བར་སྐབས་སུ་ཡི་གེ་པས་སྐྱོན་བྱུང་བར་འདོད་དགོས་པ་ལས་གཞན་དུ་མ་འདས་ཀྱང་། འོན་ཀྱང་ཁོ་བོ་ཅག་ནི་སྙན་བརྒྱུད་ཀྱི་ལོ་རྒྱུས་མི་འདྲ་བ་དེ་གཉིས་ཀ་འགལ་མེད་དུ་ཁས་བླང་བ་ལ།