R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣ན
[A:༧༣ན]དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཞབས་དང་། ཛམྦུའི་གླིང་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པའི་ཨཽ་ཊི་ཡན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པ་འཕགས་ཡུལ་གྱི་པཎ་གྲུབ་ཕལ་ཆེར་ནག་པོ་ཆེན་པོ་འདི་ཉིད་སྲུང་མའི་དབང་པོར་འཛིན་ཞིང་། དེ་དག་ནས་བརྒྱུད་པའི་གདམས་པ་དང་། དེ་འཛིན་པའི་སློབ་བརྒྱུད་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བར་སྣང་ངོ་། །ཞིང་སྐྱོང་ཆེན་པོ་གདོང་བཞི་པའི་ཆོས་སྐོར་རྣམས་འཕགས་ཡུལ་དུ་བྱུང་བའི་ཚུལ་ནི། འདིར་སྦས་པའི་མགོན་པོའམ། དམ་ཚིག་གི་མགོན་པོར་གྲགས་པ་གཞན་རྣམས་ལས་ཆེས་ཆེར་གཉན་ཞིང་མྱུར་བ། ཟབ་ཅིང་དཀོན་པ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་དང་། འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་ལས་དངོས་སུ་བསྟན་པ། སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པ་ཞེས་ཀྱང་བྱ། ཞིང་སྐྱོང་དྲག་པོ་གཟི་ལྡན་དབང་ཕྱུག་ཅེས་ཀྱང་