R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 25b
[B:25b] ཡབ་ཁམས་སུ་གཤེགས། སྲས་རྒྱ་ཡུལ་དུ་གཤེགས་ནས་དེ་ལས་གདུང་བརྒྱུད་མཆེད་པ་མེད་དོ། །མང་མཁར་མ་ངང་མོར་གྲགས་པ་དེ་ལ་སྲས་ཏིཤྲི་ཀུན་བློ་ནི་ཡབ་དགུང་ལོ་སོ་བརྒྱད་པ་ས་མོ་ཕག་ལ་འཁྲུངས། རྣམ་ཐར་ཐམས་ཅད་འཕགས་པ་རིན་པོ་ཆེ་དང་མཚུངས་པར་གྲགས། གོང་དུ་བྱོན། ཧོར་གེ་གན་རྒྱལ་པོའི་ཏི་ཤྲི་མཛད། བསྟན་པའི་བདག་པོར་གྱུར། ཡབ་ཀྱི་གཤེགས་རྫོངས་རྟེན་བཞེངས། འཕགས་པ་རིན་པོ་ཆེའི་གདན་ས་ཆེ་བ་ས་སྐྱ། ཤིང་ཀུན། མེ་ཏོག་ར་བ་གསུམ། བར་པ་ཆུ་མིག མདོ་ཁམས་ན་གཙོ་མདོ། བསམ་འགྲུབ། རི་འབུར། གཉའ་གོང་། རྒྱ་ཡུལ་བྱང་ངོས་ན་ལིང་ཆུ་རྩིར་ཁབ་སྟེ་དྲུག གཞན་ཡང་ཆོས་སྡེ་དུ་མའི་ཞལ་བདག་སྐོ་བཞག སྐུ་མཆེད་རྣམས་ལ་ས་ཆ་དང་བླ་བྲང་དམ་ཁ་ལ་སོགས་པ་སོ་སོར་སྦྱར་ཏེ༑ ཡབ་ཀྱི་ཚབ་མཛད་ནས་ཕྲིན་ལས་ཕུལ་དུ་བྱུང་བའི་ངང་ལས་དགུང་ལོ་ཉེར་དགུ་པ་མེ་མོ་ཡོས་ལ་མེ་ཏོག་ར་བར་གཤེགས་སོ། །འདི་ལ་ནི་གདུང་སྲས་མེད་དོ། །མ་གཅིག་ནམ་མཁའ་རྒྱལ་མོ་ལ། །ཡབ་ཞེ་བདུན་པ་དང་ཞེ་དགུ་པའི་དུས་ཏིཤྲི་ཀུན་
[A:54]དགའ་ལེགས་འབྱུང་བ་དང་། ཀུན་རྒྱལ་བ་གཉིས་འཁྲུངས། སྔ་མས་རྒྱལ་པོ་འཇ་ཡན་གྱི་ཏིཤྲི་མཛད། བསྟན་པའི་བདག་པོར་གྱུར། དགུང་ལོ་ཉེར་གསུམ་པ་རྟ་ལོ་ལ་དང་། ཕྱི་མས་རྒྱལ་པོ་དེ་དང་། རིན་ཆེན་དང་། ཐོ་གན་ཐི་མུར་གསུམ་གྱི་ཏིཤྲི་མཛད༑ ཕྲིན་ལས་རྒྱས་པའི་ངང་ནས་ལྔ་བཅུ་པ་ཕག་ལ་སྟེ། དེ་གཉིས་ཀྱང་མེ་ཏོག་ར་བར་གཤེགས་ཤིང་། སྔ་མ་ལ་ཡང་བརྒྱུད་པ་མ་མཆེད་དོ། །མ་ཅིག་ནམ་མཁའ་རྒྱལ་མོ་ལ་སྲས་གཅིག་བྱུང་ཡང་ཆུང་ངུ་ནས་གཤེགས། ཡབ་ཞེ་བཞི་པ་དང་ང་གཅིག་