R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 23b
[B:23b] ལྷ་ལྕམ་པ་ལ་སྲས་མོ་བསོད་ནམས་འབུམ་དང་ཉི་མ་འབུམ་གཉིས་ལས་མ་བྱུང་། རིན་ཆེན་རྒྱལ་མཚན་པའི་ཡུམ་ལ་སྲས་མོ་མདོ་སྡེ་དང་། ཡང་ཇོ་མོ་ཧོར་ལྕམ་ཟེར་བ་གཅིག་སྲས་མོ་རིན་ཆེན་འབྱུང་གནས་ཏེ། ཟངས་ཚ་ལ་སྲས་བཞི་དང་སྲས་མོ་བཞི་བྱུང་། རིན་ཆེན་རྒྱལ་མཚན་པ་ལ་དཔག་ཤི་རིན་ཆེན་དུ་གྲགས། ཆོས་རྗེ་ཁུ་དབོན་ལ་གཏུགས། རབ་ཏུ་བྱུང་ནས་ལེགས་པར་སྦྱངས་པས་མཁས་གྲུབ་ཏུ་གྱུར། འཕགས་པ་བོད་དུ་འབྱོན་རིང་ལ་གདན་ས་ཤིང་ཀུན་དང་མེ་ཏོག་ར་བ་སོགས་ཀྱི་གདན་སར་བསྐོས། ཕྲིན་ལས་རྒྱས་པའི་ངང་ནས་དགུང་ལོ་ཞེ་གཉིས་པ་ས་མོ་ཡོས་ལ་རྒྱ་ནག་ཤིང་ཀུན་ཏུ་གཤེགས་སོ། །ཡེ་འབྱུང་བས་ཀྱང་གོང་དུ་བྱོན། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ལྗང་ཡུལ་གྱི་རྒྱལ་པོ་ཧཱུྃ་ཀ་ར་རྗེའི་བླ་མ་མཛད། ཕྲིན་ལས་དང་ལྡན་པའི་ངང་ནས་དགུང་ལོ་སོ་དྲུག་པ་ལ་མདོ་ཁམས་སེ་ར་སྣར་གཤེགས་སོ། །འགྲོ་མགོན་ཕྱག་ནའི་འཇོ་མོ་མཁའ་འགྲོ་འབུམ་ལ་སྲས་གཅིག་འཁྲུངས་པ་དེ་སྒྲོ་བང་དུ་བྱུང་ནས་ཡབ་གཤེགས་པའི་ཕྱིས་ལོ་ལྷ་ཁང་ཆེན་མོའི་འགྲམ་ལྡིངས་པ་དང་མཉམ་དུ་འཁྲུངས་པ་ནི། དྷརྨ་པ་ལ་རཀྵི་ཏ་ཞེས་བྱ་སྟེ། དགུང་ལོ་དགུ་པ་ལ་འཕགས་པ་ས་སྐྱར་ཕེབས་པ་
[A:50]དང་འཇལ། དབང་བསྐུར་བྱིན་གྱིས་བརླབས། བཅུ་གསུམ་པ་ལ་གདན་སའི་ཁུར་ཆེན་པོའི་བསྐུར་ནས་འཕགས་པ་ཞི་བར་གཤེགས། གཤེགས་རྗོངས་བསྒྲུབས། ཆོས་འཁོར་ལ་ཚོགས་ཆོས་གསུངས་པས་ཐམས་ཅད་ངོ་མཚར་དུ་གྱུར། བཅུ་བཞི་པ་ལ་གོང་དུ་བྱོན། སེ་ཆེན་མཉེས་ནས། བླ་མ་འཕགས་པའི་གདུང་གཞུགས་པའི་ཤེལ་གྱི་མཆོད་རྟེན་བཞེངས། དེ་བཞུགས་པའི་དགེ་འདུན་གྱི་སྡེ་ཆེན་པོ་མེ་ཏོག་ར་བ་བཞེངས། དེར་