R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 23a
[B:23a]མོའི་བླ་བྲང་དུ་བདེ་བར་གཤེགས་སོ། ༑འགྲོ་མགོན་ཕྱག་ན་རྡོ་རྗེ་ནི། དགུང་ལོ་དྲུག་པ་ལ་ཆོས་རྗེའི་ཕྱག་ཕྱིར་ཧོར་ཡུལ་དུ་བྱོན། གཞོན་ནུ་ནས་སེམས་ཅན་སྦྱོར་སྒྲོལ་ནུས། བྱང་ངོས་རྒྱལ་པོས་སྲས་མོ་མེ་ག་དུན་གནང་། ཧོར་ཆས་སུ་བཅུག སེ་ཆེན་རྒྱལ་པོས་པཱ་ལེན་དབང་གི་ལུང་དང་གསེར་དམ། ཐོང་ཕྱི་གཡས་གཡོན་གྱི་ཁྲིམ་ར་དང་བཅས་པ་གནང་། ས་ཆོལ་ཁ་གསུམ་གྱི་ཁྲིམས་བདག་ཏུ་བཀོས། བོད་ལ་ཏིཤྲི་དང་ཝང་གི་ལས་ཁ་བྱུང་པའི་ཐོག་མ་སྐུ་མཆེད་འདི་གཉིས་ཡིན། འདི་གཉིས་ཀྱིས་དམ་ཁ་གཉིས་དམ་འཁོར་དང་བཅས་པ་དང་། ཏི་ཤྲི་ཀུན་བློའི་ལ་ན་ཧེའི་དམ་ཁ། འཕགས་པ་རིན་པོ་ཆེའི་དབུ་ཞྭ་རྣམས་རྩེ་གདོང་པའི་ཕྱག་ན་བཞུགས་ཤིང་། རྒྱའི་ཝང་གི་ལས་ཁ་དང་ལུང་གནང་སྦྱིན་ཡང་ནར་མར་ཡོང་ངོ་། །འགྲོ་མགོན་ཕྱག་ན་འདི་ནི་དགུང་ལོ་ཉེར་དགུ་པ་མེ་མོ་ཡོས་ལ་དགུ་རུམ་གཟིམ་ཁང་དུ་སྐུ་གཤེགས་སོ། །འཕགས་པ་གཤེགས་པའི་ཕྱིས་ལོ་བྱ་རོག་ཚང་ལ་ཧོར་དམག་དམག་དྲངས། དཔོན་ཆེན་ཀུན་དགའ་བཟང་པོ་བཀྲོངས། དེའི་ཕྱིས་ལོ་ཆུ་མིག་ཏུ་ཚ་གཤེགས་ལྗོངས་ཀྱི་ཆོས་འཁོར་ལ་ཁྲི་
[A:49]ཕྲག་བཅུ་གཅིག་ཙམ་གྱི་དགེ་འདུན་བསགས་ནས་འབུལ་འགྱེད་རྒྱས་པ་དང་། ནང་རྟེན་ཆེན་མོ་ལྔ་ཆེན་དཔལ་འབར་ལས་ཀྱང་ཆེ་བའི་གསེར་སྐུ་བཞེངས་སོ། །ཟངས་ཚའི་སྲས་རིན་ཆེན་རྒྱན་པ་དང་། ཡེ་འབྱུང་བ་གཉིས་ཡབ་ང་ལྔ་པའི་སྲས་ཡིན། སྔ་མའི་ཡུམ་ཤབ་ཀྱི་ཇོ་འབྲོ་མ་ཡིན། ཕྱི་མ་ནི་གུང་ཐང་པ་ལྷ་ལྕམ་མཛེས་མའི་གཡོག་མོ་རྡོ་རྗེ་གདན་གྱི་ཟུར་བུ་ཡིན།