R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 17b
[B:17b]གྱིས་གཙོ་བོར་འདི་འཛིན་ཏོ། །དེ་ལྟར་ཚངས་པར་སྤྱོད་པ་མཐའ་དག་གི་གཙོ་བོ་དགེ་སློང་གི་སྡོམ་པ་བཞེས་ཏེ། སོ་ཐར་ཡོངས་སུ་རྫོགས་པའི་སྟེང་དུ་བྱང་སེམས་དང་གསང་སྔགས་ཏེ་སྡོམ་གསུམ་རྫོགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འཆལ་ཚུལ་གྱི་དྲི་མ་མཐའ་དག་དང་བྲལ་བས་འཛམ་གླིང་བྱང་གི་ཕྱོགས་ན་ཚུལ་ཁྲིམས་བསྲུང་བ་མཐའ་དག་གི་མཆོག་ཏུ་གྱུར་ཏོ། །དེ་ལྟར་རང་གི་མཁྱེན་པ་ཡོངས་སུ་རྫོགས་ནས་གཞན་ལ་སྟོན་པ་ནི། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཡིན་པས། འཆད་པ་ན། རྣམ་བཤད་རིགས་པ་སོགས་ནས་ཇི་ལྟར་འབྱུང་བའི་ཚུལ་གྱི་ཡོན་ཏན་མཐའ་དག་རྫོགས་ནས་གསུང་རབ་གང་འཆད་ཀྱང་། གང་ནས་བཤད་ཀྱང་འབྲེལ། ཇི་ཙམ་བཤད་ཀྱང་རན༑ ཇི་ལྟར་བཤད་ཀྱང་འཐད་པའི་ཚུལ་གྱིས་རྣ་བར་སྙན་ཅིང་འཇེབས་པ་དང་། ཡིད་ལ་འཐད་ཅིང་འཕྲོད། ཚིག་གཟུང་སླ་ཞིང་དོན་རྟོགས་པར་ཡང་སླ་བས་དངོས་ཀྱི་གདུལ་བྱ་ཐམས་ཅད་མཁས་པའི་གོ་འཕང་ལ་མྱུར་དུ་བཀོད་དེ། བཤད་པའི་
[A:37]བཀའ་བབས་པ་འུ་ཡུག་རིགས་པའི་སེང་གེ་དང་། ཞང་བཙུན་མདོ་སྡེ་དཔལ་དང་། ཤར་པ་ཤེར་འབྱུང་སོགས་ཏེ། མདོར་ན་ཁང་གཉེན་ཞང་གསུམ། ཤར་ནུབ་གུར་གསུམ་ལ་སོགས་པ་དང་། མན་ངག་གི་བཀའ་བབས་པ་དམར་སྟོན་ཆོས་ཀྱི་རྒྱལ་པོ་དང་། ལྷོ་པ་ཀུན་མཁྱེན་དཔལ་ལ་སོགས་པ་དང་། རྟོགས་པའི་བཀའ་བབས་པ་ཚོགས་སྒོམ། ཉན་ཆེན། གྲུབ་ཐོབ་ཡོན་ཏན་དཔལ་ལ་སོགས་ཏེ། མདོར་ན་མཁས་གྲུབ་ཀྱི་བུ་ཆེན་བགྲང་བ་ལས་འདས་པ་བཤད་སྒྲུབ་ལ་བཀོད་དོ། རྩོམ་པ་ནི། སྒྲ་དང་སྙན་ངག་དང་མིང་གི་མངོན་བརྗོད་ལ་སོགས་པའི་བསྟན་བཅོས་དུ་མ་དང་། རིགས་པའི་ཕྱོགས་ལ་སྡེ་བདུན་མདོ་དང་བཅས་པའི་དོན་རྫོགས་པར་སྟོན་པ་རིག་གཏེར་རྩ་འགྲེལ། ལུང་གི་ཕྱོགས་ལ་མདོ་སྡེ་རྒྱན་གྱི་དོན་འགྲེལ་