R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 16b
[B:16b]ཀྱིས་དགུང་ལོ་སོ་གསུམ་དང་སོ་ལྔ་བཞེས་པ་ཆུ་ཕོ་སྟག་དང་། ཤིང་ཕོ་འབྲུག་ལ་སྟེ། སློབ་དཔོན་རིན་པོ་ཆེ་གཤེགས་ལོ་དང་། རྗེ་བཙུན་རིན་པོ་ཆེ་སོ་བདུན་བཞེས་དུས་ཆོས་རྗེ་འཁྲུངས་པའོ། །ཆོས་རྗེའི་རྣམ་ཐར་ཆེན་མོ་རྣམས་དང་། བསྡུས་པ་ཆོས་རྒྱལ་མར་གསལ་ལ་འདིར་ཡང་བསྡུས་ཏེ། མཁྱེན་བརྩེ་ཕྲིན་ལས་གསུམ་གྱིས་བརྗོད་ན། མཁྱེན་པ་ལ་རང་གི་སྦྱངས་པ་དང་། གཞན་ལ་བསྟན་པའོ། །དང་པོ་ནི། ཀླུའི་རྒྱལ་པོས་ཡུམ་ལ་གནས་ཁང་གཡར་བའི་ཚུལ་གྱིས་བསམས་བཞིན་དུ་མངལ་བཟུང་ནས། དགེ་བྱེད་ཅེས་བྱ་བ་ཆུ་ཕོ་སྟག་གི་ཁྲ་ཟླའི་ཉི་ཤུ་རྩ་དྲུག་ལ་ཡུམ་གྱི་ལུས་སེམས་བདེ་བའི་ཉམས་དང་ལྡན་པར་སྐུ་བལྟམས་ཏེ། གོག་ཐུབ་པའི་དུས་སམ་སྐྲྀ་ཏའི་སྐད་གསུང་ཞིང་རྒྱ་ཡིག་མང་པོ་བྲིས་ནས་བཀླགས་ན་མི་འགོམ་པར་གསུངས་པ་དང་། གཞོན་ནུ་ཉིད་ནས་ཀློག་ཡིག་བཟོ་གསོ་བ་སྐད་གཉིས་ཀྱི་རྣམ་གྲངས་ལ་སོགས་པ་ཚེགས་ཆུང་ངུས་མཁྱེན། རྗེ་བཙུན་ཆེན་པོ་ལ་དབང་བཤད་མན་ངག་རྒྱུན་མ་ཆད་པར་གསན་ཏེ། དགུང་ལོ་བརྒྱད་པ་ལ་མཚོ་སྐྱེས། བཅུ་པ་ལ་བརྟག་གཉིས། བཅུ་གཅིག་པ་ལ་གུར་སཾ་ཐུགས་ལས་གསུངས་པས་ཀུན་གྱིས་ཡ་མཚན་དུ་འཛིན། མདོར་ན་བཅོ་ལྔ་པ་ལ་རྗེ་བཙུན་ཆེན་པོའི་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད། བཅོ་བརྒྱད་པ་ལ་ཨ་བྱི་འབུམ་པའི་དྲུང་དུ། སློབ་དཔོན་དབྱིག་གཉེན་ལ་མཛོད་ཚར་གཅིག་མནལ་ལམ་དུ་གསན་པས་ཐུགས་སུ་ཆུད། ཕྱོགས་ཀྱི་གླང་
[A:35]པོའི་ཕུག་པ་ཡིན་ཟེར་བ་གཅིག་ཚད་མའི་དཔེ་ཆས་བཀང་བའི་ལྡེ་མིག་གཏད་པ་རྨིས། བཅུ་དགུ་པ་ལ་དོན་མོ་རི་པ་ཞུ་སྟོན་རྡོ་རྗེ་སྐྱབས་ལ་བྱམས་ཆོས་རྩ་འགྲེལ་དང་དབུ་མ་མང་དུ་གསན། ཉི་ཤུ་པ་ལ་ཉང་སྟོད་སྐྱང་ཐུར་དུ་འཚར་སྟོན་གཞོན་ནུ་སེང་གེ་ལ་ཚད་མ་རྣམ་ངེས་ལ་སོགས་པའི་དབུ་ཚད་མང་དུ་གསན། དེའི་བར་སྐབས་ལ་ས་སྐྱར་ཡབ་གཤེགས་ནས་བྱོན་དགོངས་རྫོགས་སྐུ་འདབས་བསྒྲུབས། སྐུ་སྐལ་ཡང་ཞུས།
ཕུལ།
དེར་རྗེས་བཤད་གསར་དང་བསྟུན་ནས་སྔ་ཆོས་ཕྱི་ཆོས་མཛད་དེ། རྣམ་ངེས་ཟླ་གཅིག་ལ་ཤིན་ཏུ་རྒྱས་