R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༣༠
[A:༦༣༠]འཕོས་པ་བཞིན་ཐུགས་ལ་མི་བཟོད་པའི་ཚོར་བ་དྲག་པོ་བྱུང་ན་ཐ་མལ་པ་དག་ལྟ་ཅི་སྨོས་པས་ཕྱོགས་དེའི་སྐྱེ་བོ་རྣམས་ཆོ་ངེ་འདོན་པ་དང་བརྒྱལ་བ་སོགས་ཉམ་ཐག་པའི་རྣམ་འགྱུར་སྣ་ཚོགས་པ་སྟོན་ཞིང༌། འདར་བ་བསོད་ནམས་ལྷུན་གྲུབ་ལོ་ངོ་བཞི་ཙམ་ལོན་པ་ཞིག་ཀྱང་སྟོད་ལ་འཚངས་པ་བྱུང་བ་ནའང་རྒྱལ་བ་ཉི་མའི་གཉེན་ཆོས་ཀྱི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་ཀྱང་འོད་སྲུང་ཆེན་པོ་སོགས་བསྟན་པའི་གཏད་རབས་རིམ་བྱོན་ལྟར། རྗེ་བླ་མ་དམ་པ་ལ་རེ་བལྟོས་འཆའ་བའི་གདུལ་བྱ་རྣམས་རྗེས་སུ་འཛིན་པར་ཞལ་སྐྱིན་ལྟ་བུའི་ཞལ་སློབ་ཀྱི་འདྲེན་མཆོག་འདི་ལྟ་བུ་ཡོད་དོ་ཞེས་དབུགས་དབྱུང་བ་ལ་ཆེད་དུ་བསྔགས་པ་ལྟར་རིམ་གྱིས་ཕྱོགས་ནས་འདུས་ཤིང་སྐུ་གདུང་ཟ་མ་ཏོག་ཏུ་མ་བཞུགས་པའི་གོང་དུ་ཚོགས་པ་རྣམས་ལ་པུར་མཇལ་གྱི་དུས་སྐུ་གདུང་ཡིད་བཞིན་གྱི་ནོར་བུར་ཤིང་ལས་ཐང་ཆུ་བཞིན་སྐུ་རྡུལ་ཞུ་བ་ཤེལ་དཀར་གྱི་འཁྲི་ཤིང་ལྟ་བུ་གསལ་ལ་འཚེར་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་དགེ་མཚན་མཐའ་ཀླས་པ་བྱུང༌། ཞལ་སློབ་འགངས་ཆེ་བ་རྣམས་དང༌། ཆོས་སྡེ་ཁག །བསྟན་པའི་སྦྱིན་བདག་གནས་གསར་པ་དང་འདར་བ་སོགས་ཀྱིས་ཐོག་དྲངས་མདོར་ན་སྐྱ་སེར་དྲག་གཞན་མཐའ་དག་གིས་སྙན་དར་མཆོད་པ་སྣ་ལྔ་སོགས་ཆེ་འབྱོར་ཆུང་འབྱོར་དང༌། འདར་སྟོད་རྣམ་རྒྱལ་སྟག་རྩེ་ནས་སྡེ་པ་ཡུམ་སྲས་ཀྱིས་འགན་བླངས། བླ་བྲང་གཉེར་ཚང༌། བོ་དོང་ཕུན་ཚོགས་རབ་བརྟན་སོགས་ནས་དགེ་འདུན་མང་པོར་བསྙེན་བཀུར་ཏེ་ཀྱེ་རྡོར་གཙོ་བོར་གྱུར་པའི་དཀྱིལ་འཁོར་དུ་མ་ཞལ་འབྱེད་ཀྱི་ཆོག་གྲའི་ཚེ་རྡོ་རྗེ་སློབ་དཔོན་རིགས་ཀུན་ཁྱབ་བདག་ཆེན་པོའི་སྐུར་བཞེངས་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཚོགས་གསོག་རྒྱ་ཆེར་བསྒྲུབས་སྐབས་ཉིན་ཞག་མང་པོར་མེ་