R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༡༠
[A:༦༡༠]རྒྱལ་པོ་དེ་འཁོར་རེ་འགྲོ་བ་ཞིག་གཟིགས་པ་དང༌། ལྷག་པར་བདག་ཐུགས་རྗེའི་གཟིགས་པ་མི་ལྷོད་པར་གནང་གིན་ཡོད་གདའ་བས་ཟླ་བ་དེ་གའི་ནང་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཚུངས་མེད་ཚར་པ་རྗེས་མྱུག་ནས་ཕྱག་དམ་བདུད་རྩི་རིལ་བུའི་ཐུམས་གསོལ་རས་དང་བཅས་ཕེབས་བྱུང་བའི་ནང་ན་ཁྱོད་ཀྱི་སྒྲུབ་ཁང་དེར་གནས་རྙིང་རྒྱལ་པོ་འདི་འཕྲལ་འཕྲལ་འགྲོ་བ་ཞིག་འདུག་པས་བར་ཆད་དམ་འཚུབ་ཀྱི་རྣམ་པ་བཞིན་མི་འོང་འདུག་གམ། ངས་ཀྱང་དམིགས་པ་སོགས་གང་ཡོང་བྱེད་ཀྱིན་ཡོད་ལར་རྡོ་རིང་རིན་པོ་ཆེར་རང་རེའི་བརྒྱུད་འཛིན་ཀུན་ལ་གནོད་པ་མི་བྱེད་པའི་སྲོག་སྙིང་ཕུལ་ནས་དམ་བཅའ་འོ་སྐོལ་རྣམས་ལ་འདི་གཅིག་པུའི་བཀའ་དྲིན་ཡང་བསམ་པའི་ར་བ་ལས་འདས། གང་ལྟར་དེ་ལ་དམིགས་པའི་གཏོར་མ་འདྲ་དང་དགེ་སྦྱོར་འབུངས་སྐྱེད་དེ་བྱེད་པ་དང་ལྷག་པར་ལམ་ཟབ་མོ་ཉིད་ལ་ནན་ཏན་གྱིས་རྟག་ཏུ་གསོལ་བ་ཐོབ། གེགས་སེལ་བོགས་འདོན་གྱི་སྐྱེལ་སོ་འདི་གཅིག་པུ་ཡིན་ནོ་གསུང་པ་ཞིག་ཕེབས་བྱུང་ཞེས་བསླབ་སྟོན་རྒྱས་པར་སྩལ། ཞ་ལུའི་གདན་ས་ཀུན་སྤངས་མཛད་པ་ནས་བཟུང་རྒྱལ་ཁམས་ཕྱོགས་མེད་ཀྱི་གདུལ་བྱའི་རེ་བ་སྐོང་བ་ཙམ་མ་གཏོགས་འཇིག་རྟེན་ཟ་ཟིའི་མཐུན་འཇུག་ལ་ཐུགས་སུན་པའི་ཚུལ་གྱིས་སྤོང་བ་བསམ་གཏན་ལ་བཞོལ་བའི་རྣམ་པས་རྨུ་གཤོང་དུ་ལོ་གསུམ་ཕྱོགས་གསུམ་མཛད་པའི་སྐབས་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར་དུ་ལྕགས་སྤྲེལ་ཟླ་བ་བརྒྱད་པའི་ཚེས་གཅིག་ནས་གཞི་བསྙེན་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཚུགས་པའི་ཚེས་བཞིའི་ནུབ་རྨི་ལམ་དུ་རྗེ་བཙུན་རྡོ་རྗེ་འཆང་ཕ་ཚར་པ་རྗེ་དང་མཇལ་རྟ་འགྲིན་ཡང་གསང་གི་དབང་རྫོགས་པར་གནང༌། དཀྱིལ་འཁོར་གཏོར་མ་དབང་ཚིག་སོགས་ཀྱང་ཤིན་ཏུ་