R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༥༧༩
[A:༥༧༩]ཆེས་ཏེ་ཚང་བར་ཕུལ་བས་མི་ཐོག་གཉིས་ཙམ་གྱི་རིང་བཞི་ཐོག་བླ་བྲང་ཕ་ནོར་དང་བྲལ་བའི་ཁང་སྟོང་འདྲ་བ་སླར་རང་ནོར་ག༵ཏོང་ལེན་ལྟ་བུའི་དབུ་ཚུགས་ཤིང༌། རིམ་གྱིས་སྔགས་འཆང་སེམས་དཔའ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་ཡབ་སྲས་ནས་གོང་མའི་རིང་ལུགས་ཀྱི་ཉི་མ་ཕྱོགས་བརྒྱར་འཆར་བའི་རྟེན་འབྲེལ་གྱི་སྒོ་ཡང་བརྒྱུད་པ་འདི་ནས་ཕྱེ་བས་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་བསྟན་འཛིན་གྱི་གཙོ་བོ་ཞིག་ཏུ་མངོན། འདར་བ་ཆོས་རྗེ་ཆོས་དབང་རིན་ཆེན་དཔལ་གྱི་རྒྱ་མཚོ་རྗེ་བཙུན་ཀུན་སྤངས་ཆེན་པོས་མགོན་པོ་ཕུར་ཞབས་མ་གནང་བའི་ཆོས་གླིང་དྲུང་པ་སོགས་གཞི་བྱེས་ཀྱི་འདུས་པ་དུ་མ་དང༌། བསྟན་པའི་སྦྱིན་བདག་སྡེ་པ་འདར་བ་རིན་ཅེན་དཔལ་བཟང་སོགས་ཞལ་ངོ་རྣམས་དང༌། མདོར་ན་སྐྱ་སེར་མཆོག་དམན་མང་པོར་སོ་སོའི་བློ་དང་འཚམ་པའི་དབང་འཁྲིད་ལུང་མན་ངག་སོགས་སྦྱིན་པ་རྣམ་པ་བཞིའི་སྒོ་ནས་འདོད་པའི་རེ་བ་བསྐང༌། ཤིང་སྦྲུལ་ལོ་བོ་དོང་དུ་ཐམས་ཅན་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་རྡོ་རྗེ་བྲག་རྫོང་མའི་ལྗགས་བསྙེན་གྱི་སྐུ་མཚམས་ཤིན་ཏུ་དམ་པར་བར་དུ་གཅོད་པའི་མཚན་མ་ཆེན་པོ་ཞིག་འཇུག་ཉེ་བ་ཐུགས་ཀྱིས་མཁྱེན་ནས་གདན་འདྲེན་ཞུས་པ་ལ་མ་ལྟོས་པར་ཕེབས། རྗེ་མཁྱེན་བརྩེའི་གཟིགས་སྣང་ལ་རྗེ་བླ་མ་སྐུ་མདོག་བྱུ་རུ་ལྟར་དམར་ཞིང་ཞལ་རྒྱན་སོགས་ཡེ་མེད་པ་ཞིག་འདུག་པར་སྔར་ཕན་ནི་ཞལ་རྒྱན་གཞོར་བ་གནང་གིན་མེད་ད་ལམ་ཅི་ཡིན་ནམ་དགོངས་ཤིང༌། མཇལ་མ་ཐག་ཐུགས་ལ་དགའ་སྤྲོ་དང་མོས་གུས་ཆེན་པོ་འཁྲུངས། བགེགས་ཀྱི་རྣམ་པ་བྱུང་བ་ལའང་དོགས་གཅོད་ཞུ་མ་དགོས་པར་ལྷུག་པར་གསུངས་ཤིང་