R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༥༣༥
[A:༥༣༥]བརྡ། །ཡོངས་ངོ་མཚར་གྱི་ཟློས་གར་ཅི་ཡང་རྩེ། །ཞེས་འབྱུང་བ་ཁྱབ་བདག་བླ་མ་འདི་ཉིད་འདས་མ་འོངས་པའི་གནས་ལུགས་མཐའ་དག་གསལ་བར་གཟིགས་པའི་མངོན་མཁྱེན་ཐག་ཐོགས་མི་མངའ་ནའང་ཀུན་ཏུ་རྒྱུས་འཕགས་པ་མཽངྒལ་གྱི་བུ་བཅོམ་པའི་ལོ་རྒྱུས་ལྟར་ཆོས་གོས་འོག་གི་དུག་མདར་མ་དགོངས་པའི་བསྔགས་བརྗོད་ཆེ་ནའང་རྒྱུ་མཚན་འོག་ཏུ་རིམ་གྱིས་གསལ། ཁྲོ་ཕུར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ངོ་མཚར་ཆོ་འཕྲུལ་གྱི་བཀོད་པ་དང་ཕག་ཞལ་གྱི་སྟེང་ནས་འཇའ་ཏལ་ལེ་ཟུག་པ་སླར་ཐུགས་ཀར་ཐིམ་པས་ཞག་མང་པོ་ཟག་མེད་ཀྱི་བདེ་ཆེན་ཁོ་ནར་འབྱམས་པ་སོགས་དྲང་སྲོང་སྲིན་པོ་རི་དང་འཕན་དཀར་གྱི་ལྗོངས་སུ་རྗེས་སུ་འཛིན། ཞེས་པའི་དོན་ལྟར་རྗེས་སོར་འཕན་ཡུལ་དུ་ཕེབས་པའི་ལམ་ཞིག་ཏུ་ནམ་མཁའ་ནས་མེ་དཔུང་འུར་སྒྲ་དང་བཅས་བྱུང་བ་ཅི་ཡིན་སྙམ་གཟིགས་པས་ཆིབས་སྒའི་སྔ་རུའི་སྟེང་བབ་མ་ཐག་རྣལ་འབྱོར་མར་གྱུར་ནས་སྐུ་ལ་འཁྲིལ་བས་ཞག་བདུན་གྱི་བར་ཟག་མེད་ཀྱི་བདེ་ཆེན་ཁོ་ནའི་ངང་དུ་སོང་བ་སོགས་རྗེས་སུ་འཛིན་པའི་ལུང་བསྟན་དུ་ངེས། ལམ་ཡིག་ལས། དེ་ནས་གནས་ཀྱི་མདའ་ན་དམ་པ་དམར་པོའི་རུས་ཡིན་ཟེར་བ་ཞིག་གི་ལག་ན་གདུང་རུས་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་དང་སྲས་ཀྱི་ཐུགས་རང་བྱོན་ཡིན་ཟེར་བ་སོགས་འདུག་པ་མཇལ། དེའི་ནུབ་གངས་ཅན་ཆོས་འཕེལ་གྱི་དགོན་པའི་འཁྲིས། ལྷ་མོ་དམག་ཟོར་མའི་བླ་མཚོ་ཡིན་ཟེར་བ། མཐའ་ལྗོན་པའི་ཚལ་གྱིས་བསྐོར་བའི་དབུས་ན་ནེའུ་གསིང་གི་དཀྱིལ་ན་མཚོ་ཆུང་ཁོར་བ་ཞིག་འདུག་པའི་ཁ་སྟོད་སྐྱིད་སྐྱིད་འདྲ་བ་ཞིག་འདུག་པ་དེར་ལྕོག་གྲྭ་བྱས་བསྡད། ཇ་བཟང་སྐོལ་ཞིང་ཆོས་