R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༥༠༣
[A:༥༠༣]དགེ་སློང་ཕའི་སྡོམ་པ་ཡིན་ལ། དེ་ཡང་བོད་འདིར་སྡོམ་རྒྱུན་འགའ་ཞིག་ཡོད་པའི་ནང་ནས་ཁ་ཆེའི་པཎ་ཆེན་བསོད་སྙོམས་པ་ཆེན་པོའི་སྡོམ་རྒྱུན་ཤིན་ཏུ་གཙང་བ་ཆོས་ལུང་ཚོགས་སུ་བཞུགས་པར་བརྟེན། གསུང་ལས། བདག་གིས་ཚེ་འདིའི་ངོ་སྲུང་རྒྱབ་ཏུ་བོར། །ཕྱི་མའི་དོན་ཆེན་འབའ་ཞིག་སྙིང་ནས་བསམས། །ཡོངས་རྫོགས་ཁ་ཆེའི་པཎ་ཆེན་བསོད་སྙོམས་པ། །ཤཱཀྱ་ཤྲཱིའི་གྲར་ནི་འབད་པས་ཞུགས། །ཞེས་པ་ལྟར་དགུང་ལོ་སོ་གཅིག་པ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཐུབ་པའི་དབང་པོས་བདུད་བཏུལ་བྱང་ཆུབ་བརྙེས་ཤིང་མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམ་གྱི་ཚེ་ཉེས་ལྟུང་གི་ཆ་ཕྲ་མོའི་འདམ་གྱིས་མ་གོས་ཤིང༌། ཚུལ་ཁྲིམས་ཀྱི་འདབ་བརྒྱ་ཡོངས་སུ་བཞད་པ་ལས་མྱ་ངན་ལས་འདས་པའི་ཟེའུ་འབྲུའི་བཅུད་ཀྱིས་སྐལ་བཟང་ར་ཡིག་གཉིས་པའི་དགའ་སྟོན་ཆེས་ཆེར་སྤེལ་བ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཁན་པོ། ཆོས་ཀྱི་རྗེ་བཀྲ་ཤིས་རྣམ་རྒྱལ་གྱིས་ལས་སློབ། རྗེ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གསང་སྟོན། གཡག་སྡེ་ལྕང་ར་བ་བློ་གྲོས་ཕུན་ཚོགས་ཀྱིས་དུས་བསྒོ་བ། སྤོས་ཁང་པ་འཇམ་དབྱངས་རྒྱལ་མཚན་སོགས་ཉི་ཤུས་ལས་ཀྱི་ཁ་བསྐང་སྟེ་ཇོ་བོ་སྟན་གཅིག་པའི་བསྟི་གནས་ཉང་སྟོད་སྤོས་ཁང་གི་ཀུན་དགའ་ར་བར་བསྙེན་པར་རྫོགས་པའི་ཚེ་སྔར་དགེ་ཚུལ་གནང་བའི་མཚན་གྱི་སྟེང་དུ་མཁན་པོའི་མཚན་སྒྲ་གྲགས་པ་རྒྱལ་