R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༤ན
[A:༤ན]༄༅། །དུ་བཅུག། དེ་ནས་ཆུ་འབྱམས་ཉི་སྒྲལ་བའི་ཟོ་ཆུར་བྱོན། དེ་ནས་འཇམ་ལམ་བདུན་འགྲོད་པའི་ཧང་ཆུར་བྱོན། དེར་སྒྲོལ་མ་ལ་གསོལ་བ་བཏབ་པས། སྒྲོལ་མ་བྱོན་ནས། ཕྱག་གཡས་སྤྱི་བོར་སྐྱབས་སྦྱིན་མཛད་ནས། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང། ནོར་འདོད་པས་ནི་ནོར་རྣམས་མྱུར་ཐོབ། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཞིང། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར། ཞེས་གསུངས་ནས་ཞལ་བསྟན། དབྱུགས་དབྱུང། དེ་ནས་རྒྱལ་པོས་སྤྱན་དྲངས། ས་སྐྱར་གདུང་རྒྱུད་སྤེལ་བའི་ལུགས་མཛད། ས་སྐྱར་སོ་བདུན་པ་ལ་ཕེབས། བཞི་ཐོག་གི་གོ་སར་བཞུགས། བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ། བླ་མ་གོང་མའི་དུས་མཆོད། དཀོན་མཆོག་གི་ཞབས་རྟོག བོད་ཁམས་བྱིན་གྱི་སྐྱོང་ཕྲན་བདེ་འཇགས་འདི་དུས་རང་དཔལ་འབྱོར་རྒྱས་ཟེར། སྒྲོལ་མའི་ལུང་བསྟན་བཞིན་སྐུ་མཆེད་རྣམས་ཀྱང་དགུང་ལོ་ང་གཅིག་ཡན་ཆད་ལ་བྱོན། ང་གཉིས་ལ་རབ་བྱུང་སྙེན་རྫོགས་མཛད། མཚན་ལ་མོ་གྷ་དྷཱ་ཛ་ཤྲི་བྷ་ཏྲ་ལ་ཞེས་བརྟགས། དྲུག་བཅུ་རེ་གསུམ་པ་ཤིང་ཕོ་བྱི་བ་ལོ་ལ་བཞི་ཐོག་དུ་གཤེགས། དེ་ལ་སྲས་བཅོ་ལྔ་སྲས་མོ་གཉིས་བཅུ་བདུན་འཁྲུངས་པ་ལས། དང་པོ་སྨན་བཙེར་སྲས་གཅིག་འཁྲུངས། ཆུང་ངུ་ལ་གཤེགས། ལུད་ཀྱི་བུར་པའི་བཙུན་མོ་དྲུག་གི་དང་པོ་ལ་རྒྱལ་པོའི་སྲས་མོ་ལ་དབང་བསོད་ནམས་བཟང་མོ་ལྩམ་སྲིང་གཉིས་འཁྲུངས། སྲས་དེ་ལ་དབང་རཏྣ་བྷ་ཏྲ་འཁྲུངས། དགུང་ལོ་ཉེར་ལྔ་ལ་གཤེགས། བཙུན་མོ་གཉིས་པ་མ་གཅིག་ངང་མོ་ལ། ཏི་ཤྲཱི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཡབ་སོ་བརྒྱད་པ་ས་མོ་ཕག་ལ་འཁྲུངས། དགུང་ལོ་དགུ་པ་ལ་རྟག་གཉིས་ཐུགས་ནས་གསུངས་པས་ཐམས་ཅད་ངོ་ཚར་སྐྱེས། རྣམ་འགྲེལ་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་པ་ལ་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཚུད་པའི་སྙན་གྲགས་ལ་བརྟེན་ནས། རྒྱལ་པོས་གདན་དྲངས། བཅུ་གཅིག་པ་ལ་གོང་དུ་བྱོན། བཅུ་གཉིས་པ་ཆུ་ཕོ་བྱི་བ་ལ་ཏྲི་ཤྲི་མཛད། ལོ་བཅུ་གཉིས་བར་རྒྱལ་པོ་ལ་ཆོས་བཀའ་བསམ་ལས་འདས་པ་གསུངས། ཉི་ཤུ་རྩ་བཞི་པ་ཆུ་ཕོ་ཁྱི་ལ་བོད་དུ་སྙེན་རྫོགས་ལ་བྱོན། དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་ཆོས་འཁོར་ཞབས་ཏོག་དང་འབུལ་བ་མཐའ་ལས་འདས། འདིའི་འབུལ་ཡི་གེ་དེབ་གཏེར་ཆེན་མོ་ན་གསལ་བས་ཀུན་གྱི་བློར་ཤོང་བ་དཀའ། ཉི་ཤུ་རྩ་དྲུག་པ་བྱི་བའི་ལོ་ལ་ཡབ་གཤེགས་པའི་ཆོས་འཁོར་མཛད་ནས། མཁས་བཙུན་པ་སྐུ་མཆེད་ལ། ཤེལ་དམ་གྱི་ཐོག་གྲངས་བཞི་ཐོག་གནང། ཏྲི་ཤྲི་ལེགས་འབྱུང་སྐུ་མཆེད་ལ་