R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༦བ - ༧བ
[A:༦བ - ༧བ]སྤྱད་མཆོད་རྫས། གན་ཛ་གུར་ཆེན་ཚུན། དངུལ་བྲེ་ཆེན་སོགས་འབུལ་བ་བསམ་གྱི་མི་ཁྱབ་པ་ཕུལ་ནས། ཐེག་ཆེན་ཆོས་ཀྱི་རྒྱལ་པོར་མཚན་གསོལ། རྒྱལ་པོ་ཡབ་སྲས་ལ་ལོ་གཅིག་གིར་བར་དུ་གསུང། ཆོས་རྒྱུན་མི་ཆད་པ་གནང། ཆོས་ཐུན་རེ་ལ་གསེར་ཞོ་སོ་བདུན་གྱི་མཎྜལ་ཆོ་བུར་བཀོད་ནས་འབུལ་བར་མཛད་པ་མཚོན་ནུས། ལྷ་ཁང་ཆེན་མོ་པ་ར་ལུང་འདི་ཕྱག་ནས་འབུལ་བའི་གསེར་ཡིག་པར་སྟོན་ལ་བཏང་ནས་ཕུལ། རྟ་ལོ་ལ་བེརྟལུག་ལོ་ལོ་གསར་ལ་ས་སྐྱར་ཕེབས། དོན་བདུན་པ་ཤིང་མོ་སྦྲུལ་གྲོ་ཞུ་ཟླ་བའི་ཚེས་བཅུའི་ཉི་མ་ཤར་རྗེས་ལ་གསང་གནས་སྦུབ་སུ་ནུབ། དབུའི་གཙུག་གཏོར་གསལ་པོར་འཕགས། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། ངོ་མཚར་ཀྱི་བལྟས་དང་བཅས་སྟེ་ལྷ་ཁང་ཆེན་མོར་གཤེགས། ཏ་དབེན་ཆོས་རྒྱལ་བའི་བཙུན་མོ་གཉིས་པ་ལ། སྲས་གཉིས་བྱུང་བའི་ཆེ་བ་སློབ་དཔོན་ཆེན་པོ་དྷརྨ་དྷཱ་ཛ་ལྕགས་མོ་ཡོས་ལོ་འཁྲུངས། སྐྱེ་སྟོབས་ཀྱི་ཤེབ་ཆེ། བདག་པོ་ཀུན་དགའ་རིན་ཆེན་མ་ཏི་ང་གྱི་ཆེན། ཆོས་རྗེས་བཟུངས་དཔལ་བ། སློབ་དཔོན་ཛྙཱ་ན་ཤྲི། སློབ་དཔོན་བསོད་ནམས་དཔལ་རྣམས་ལ་ཡབ་ཆོས་རྣམས་གསན་ཞིང་སྦྱངས། རྣམ་འགྲེལ་སོགས་མཁྱེན་གུ་ཤྲི་མཚན་དང་གསེར་དམ་གནང། མདོ་ཁམས་ཆོས་འཁོར་བསྐོར་མེ་ཏོག་གི་ཆར་བབ། གདན་སའི་ཚོགས་ཆོས་སུ་རྫས་ཀྱི་བརྒྱ་ཆ་བཅུ་དང། དགེ་འདུན་རེ་ལ་གསེར་ཞོ་རེའི་འགྱེད་མཛད་པ་སོགས་འཕྲིན་ལས་རྒྱ་ཆེན་པོ་མཛད། ང་བརྒྱད་པ་བྱི་བ་ལོ་ལ་ས་སྐྱའི་བླ་བྲང་ལྷ་ཁང་དུ་གཤེགས་སོ། འདི་དང་རྗེ་བཙུན་རེ་མདའ་པ་གུང་རྟ་གཅིག། འདི་དྲུག་བཅུ་རེ་གཅིག་པ་ལྕགས་མོ་ཡོས་ལ་གཤེགས་སོ། ལྕགས་མོ་ཡོས་ལོ་དེའི་ལོ་ལ་ཀུན་མཁྱེན་ཤེབ་བཟང་པ། ཀུན་མཁྱེན་སངས་རྒྱས་འཕེལ། ཆོས་རྗེ་ནམ་བསོད་ཆེན་མོ། ཆོས་རྗེ་དཔལ་རྡོར་བ་རྣམས་འཁྲུངས། དེའི་གོང་གི་ལོ་གཉིས་ས་མོ་གླང་ལ་ལྷ་ས་སྨོན་ལམ་བཙུགས། དེའི་གཅུང་སློབ་དཔོན་རིན་པོ་ཆེ་རྡོ་རྗེ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཆུ་མོ་སྦྲུལ་ལ་འཁྲུངས། ཐུགས་རབ་ཤིན་ཏུ་ཆེ། དྲུང་ཀུན་རིན་པ། ཆོས་རྗེ་བཟུང་དཔལ་བ། སློབ་དཔོན་དཔལ་ལྡན་ཆོས་རྒྱལ་སོགས་བརྟེན། ཡབ་ཆོས་དང་རྣམ་འགྲེལ་མཁྱེན། ཆོས་སྐྱོང་ལ་མངའ་བརྙེས། སྐྱིད་གྲོང་ལ་བྱོན། མངའ་རིགས་བདག་པོས་དབུ་མཛད་ཀུན་གྱི་ཆོས་ཞུས། འབུལ་བ་རྒྱ་ཆེར་མཛད། ང་གསུམ་པ་ཤིང་མོ་བྱ་ལ་མན་མུན་བྲག་ཁར་ཐུགས་དམ་རྒྱས་པ་ལ་བཞུགས་པའི་ངང་ལ་གཤེགས་སོ། ཏ་དབེན་ཆོས་རྒྱལ་བའི་བཙུན་མོ་གསུམ་པ། སློབ་དཔོན་ཆེན་མོ་བསོད་ནམས་བཀྲ་ཤིས་པ་ཆུ་མོ་སྦྲུལ་ལ་འཁྲུངས། བདག་པོ་ཀུན་རིན་མ་ཏི་པཎ་ཆེན། ཆོས་རྗེ་བླ་མ་སོགས་མང་དུ་བརྟེན། ཡབ་ཆོས་ལ་སྦྱངས། རྣམ་འགྲེལ་ལ་མཁས། ཆོས་གསུངས། གོང་ནས་མཚན་དམ་ཁ་དང་བཅས་པ་གནང།