R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༧
[A:༣༤༧]ལྟ་བུ་ལ་སོགས་པ་ཐམས་ཅད་རྩ་བ་གདན་ས་ངོས་སུ་ཟུག །རྩེ་མོ་བོ་དོང་ཕྱོགས་སུ་འདུ་བའི་གསེབ་ནས་མེ་ཏོག་དཀར་པོ་སིལ་མའི་རྒྱུན་ཁ་བ་ལྟར་བབས་པ་དང༌། ཞི་རྒྱས་ཀྱི་སྦྱིན་སྲེག་གི་མེ་བཀྲ་རྣམས་ཀྱང་མཆོག་ཏུ་ལེགས་པ། མར་མེའི་ཕྲེང་བ་ཁོར་ཡུག་ཏུ་འཛིན་པ་སོགས་དགེ་བའི་མཚན་མ་དུ་མ་དང༌། བྱིན་རླབས་ཀྱི་ལྟས་སོ་སོ་སྐྱེ་བོའི་བློའི་ཁྱོན་ལས་འདས་པ་རྣམས་ཀྱིས་མངོན་པར་མཐོ་བའི་སྐུ་འདྲ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཀྱང་མཆོག་ཏུ་བསྔགས་པ་འདི་ཕྱིའི་དོན་ཐམས་ཅད་ཚེགས་ཆུང་ངུས་བདེ་བླག་ཏུ་འགྲུབ་པ་འདི་ཉིད་བཞེངས་པའི་ཞལ་བཀོད་མཛད་དེ། དུས་དེ་ནས་སྡེ་སྲིད་གནས་གསར་བ་མི་ནོར་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གྱུར་ལ། བདུད་དང་བགེགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་ཐབས་ཆེན་པོ་ཐོབ་པ་ཡིན་པས། རྗེ་བཙུན་དམ་པ་འདིའི་སྐུ་དྲིན་གཞན་རྣམས་ཕར་ཞོག །རེ་ཞིག་འདིའི་ཆ་ཙམ་ཡང་བདག་ཅག་རྣམས་ཀྱིས་བསྐལ་པའམ་བསྐལ་པ་བས་ལྷག་པར་འབད་ཀྱང་ཁྱེར་བའི་ཐབས་ག་ལ་ཡོད། རྡོ་རྗེ་འཆང་དབང་གསུང་གི་མཛོད་འཛིན་པས། །རྡོ་རྗེ་འཛིན་པ་ཀུན་གྱི་ཟུར་ཕུད་རྩེར། །རྡོ་རྗེའི་གསུང་གི་ཨུཏྤལ་གར་བྱེད་པ། །རྡོ་རྗེ་འཆང་ཆེན་གྲགས་པ་རྒྱལ་མཚན་ཉིད། །སླར་ཡང་ལྗོངས་འདིར་བྱོན་པ་ཁྱོད་ཉིད་ཀྱིས། །ཉིད་ཀྱི་སྐུ་བརྙན་བསོད་ནམས་ལས་གྲུབ་པ། །གྲུབ་པ་མཆོག་གི་དགེ་མཚན་ཕ་མཐའ་ཡས། །མཐའ་ཡས་འགྲོ་བའི་བསོད་ནམས་ཞིང་དུ་བཙལ། །གང་འདིར་གུས་པས་ལས་བྱེད་དེ་དག་ཀྱང༌། །གང་འདིའི་རྡུལ་ཕྲན་དང་མཉམ་རྒྱལ་སྲིད་བྱེད། །གང་གི་རྒྱུ་ཚོགས་འབད་མེད་སྒྲུབ་བྱེད་དེས། །གང་བསམ་དོན་གཉིས་འགྲུབ་ལ་གེགས་མེད་ཅེས། །ཚད་མར་གྱུར་པའི་གསུང་