R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༦
[A:༣༤༦]དུ་མ་དང༌། རྒྱུད་སྡེ་རིན་པོ་ཆེ་ལས་ཇི་སྐད་གསུངས་ཤིང༌། བླ་མ་བརྒྱུད་པའི་ཕྱག་ལེན་ལས་འབྱུང་བ་ཇི་ལྟ་བའི་རྒྱུད་སྡེ་ཆེན་པོ་བཞིའི་གཟུངས་སྔགས་ཟབ་མོ་རབ་ཏུ་མང་པོ་རྣམས་གོས་དར་གྱི་ན་བཟའ་དང་དྲི་བཟང་པོ་དུ་མའི་བཀུར་སྟི་དང་བཅས་ཏེ་ནང་རྫོངས་སུ་བཞུགས་སུ་གསོལ་བའི་མཐར་གནོད་སྦྱིན་ཕོ་མོའི་འཁོར་ལོ་ལེགས་པར་བྲིས་ཏེ་ཐུགས་ཆེས་པར་བསྒྲུབས་པས་ཞབས་བསྡམས་ཏེ། རྟེན་གྱི་བྱ་བ་ཡོངས་སུ་རྫོགས་ནས། དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས། རྒྱུད་སྡེ་ལས་གསུངས་པའི་ཆོ་ག་ཕུན་སུམ་ཚོགས་པའི་རབ་ཏུ་གནས་པ་མཛད་དེ། རྫོང་ཕུན་ཚོགས་རབ་བརྟན་ལ་སྤྱན་འདྲེན་པའི་ཚེ། མི་མང་པོས་དོ་ལི་ལ་སྤྱན་དྲངས་པ་ན། མིག་མཐོང་བ་ཞིག་གིས། མི་ནག་པོ་དུང་ལོང་སྐྱ་ཁྲལ་ལེ་བ་གཞན་པས་ཉིས་འགྱུར་གྱི་ཆེ་བ་གཉིས་ཀྱིས་ཁྲིའི་མཐའ་གཉིས་ནས་བཏེག་སྟེ་འགྲོའི་འདུག་པ་མངོན་སུམ་དུ་མཐོང་འདུག་པ་ལྟར། སྤྱན་འདྲེན་ཞུ་མི་རྣམས་ལ་ངལ་བ་ཅུང་ཟད་ཀྱང་མེད་པར་དགའ་ཞིང་སྤྲོ་བའི་ངང་ནས་སྤྱན་དྲངས། དེའི་ཚེ་མཚན་མོའི་དུས་ཡིན་པས་ལམ་མཚོན་གྱི་མེ་སྒྲོན་ཆེན་པོ་གཉིས་ཤིག་དངོས་སུ་ཡོད་མོད། རྒྱང་རིང་པོ་ནས་ལྟ་བ་ཐམས་ཅད་ཀྱིས་མཐོང་བར། གཡས་གཡོན་དང་མདུན་རྒྱབ་གཉིས་ཏེ་བཞིར་མེ་སྒྲོན་ཆེན་པོ་ཚད་མེད་པ་རེ་དང་བཅས་པའི་འོད་ཀྱིས། ཕྱོགས་ཐམས་ཅད་ཉིན་མོ་ལྟར་གསལ་བ་སོགས་ཡིད་ཆེས་པའི་ལྟས་དུ་མ་དང་ལྷན་ཅིག་ཏུ་ཕེབས། སླར་རབ་ཏུ་གནས་པ་ཤིན་ཏུ་རྒྱས་པ་ཚར་གཉིས་མཛད། དེ་སྔ་ཕྱིར་རབ་ཏུ་གནས་པ་དེ་དག་གི་སྐབས་སུ་ནམ་མཁའ་བཻཌཱུརྻ་སྔོན་པོའི་མེ་ལོང་ལྟར་དྭངས་པའི་ངོས་སུ། ཁ་དོག་དཀར་པོ་དང༌། སྣ་ལྔ་པའི་འཇའི་སྤྲིན་དར་ཐག་བརྐྱང་པ་ལྟ་བུ་དང༌། པ་ཊ་ལྟ་བུ། དཔག་བསམ་གྱི་སྡོང་པོ་