R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༧
[A:༢༥༧]འདིས་སྒོར་བས་ནི་མ་ཐུབ། མཐོ་ས་ཞིག་ཏུ་བྱོན་ཏེ་གཟིགས་པས་ཕ་རོལ་པོ་དེ་དག་དཔུང་ཚོགས་ཤིན་ཏུ་ཆེ་ཞིང་རྔམས་པར་འདུག་པས་ཐུགས་ཅུང་ཟད་སྐྱོ་བ་ན། བྱ་རོག་ཆེན་པོ་གཉིས་སྐུའི་འཁྲིས་སུ་བབས་བྱུང་བ་ལ། ནག་ཆུང་བ་ཁྱེད་ཚོ་སྡོད་པ་ཨེ་ཡིན། ངའི་མི་ཚོ་མིས་སྒོར་འདུག་གོ་ཞེས་གསུངས་མ་ཐག་བྱ་རོག་དེ་གཉིས་འཕུར་སོང་ནས་འཁྲུག་པའི་སྟེང་གི་ནམ་མཁའ་ལ་གཤོག་སྐོར་འགའ་ཞིག་བྱས་པ་ན། ཏེ་ར་པའི་རུ་སྣ་ལ་མདུང་དར་དཀར་པོ་ཞིག་འདུག་པ་ལ་རྡོ་ཕོག་སྟེ་དུམ་བུར་སོང་བ་ཙམ་གྱིས་དེ་དག་འཇིགས་ཤིང་སྐྲག་པས་རང་གནས་སུ་ཡུད་ཀྱིས་བྲོས་ནས་གནོད་པ་ཅུང་ཟད་ཀྱང་བྱེད་མ་ནུས་པ་སོགས་ངོ་མཚར་བའི་གཏམ་མང་དུ་སྣང་ཞིང༌། བྱང་ཆུབ་ཀྱི་སེམས་ལྷག་པར་འབྱོངས་པའི་སྟོབས་ཀྱིས་ཉམ་ཐག་པ་དང་མགོན་མེད་པ་རྣམས་ལ་ཆོས་དང་ཟང་ཟིང་གི་ཕན་པ་བསམ་གྱིས་མི་ཁྱབ་པ་མཛད། ཁྱད་པར་དགུང་ལོ་བཅུ་གསུམ་བཞེས་པའི་ཚེ། ལྷ་སར་ས་སྐྱ་སྐོར་ཆེན་གྱི་སྐོར་དཔོན་ལ་བྱོན་པའི་ཚེ། ཆུ་བོ་རི་ན་བོད་ཡུལ་གྲུབ་པའི་གཙུག་རྒྱན་ཐང་སྟོང་རྒྱལ་པོ་བཞུགས་པ་དང་མཇལ། སྐོར་དཔོན་པ་ལ་ཞུས་གསུང་ནས་ཆང་གསོལ་ཞལ་ཆུང་ངུ་ཞིག་གང་གནང་བྱུང་བ་དེ་སྔ་ཆང་གི་དྲི་ཙམ་ཡང་བདག་གིར་མི་མཛད་ཀྱང་དེར་ཐེ་ཚོམ་མེད་པར་གསོལ་བས། རྟེན་འབྲེལ་ལེགས་ད་དུང་ཞུས་ཤིག་གསུངས་ནས་གསོལ་ཕོར་བཅུ་གསུམ་གསོལ་བས་ཁྱོད་ཀྱིས་སྐོར་དཔོན་ལན་བཅུ་གསུམ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་གདན་ས་ཆེན་པོའི་སྐོར་དཔོན་ལན་བཅུ་གསུམ་གྱི་བར་དུ་མཛད་དེ་སྐྱེ་བོའི་ཚོགས་ཁྲི་ཁྲག་དུ་མ་རྣམས་ཁ་བ་ཅན་པའི་བསོད་ནམས་ཀྱི་ཞིང་གཅིག་པུ་ཇོ་བོ་ཤཱཀྱ་མུ་ནེ་ལ་སོགས་པའི་རྟེན་ཁྱད་པར་ཅན་རྣམས་མཐོང་བ་